༢༠༡༠ ཕྱི་ཟླ་ ༦ ཚེས་ ༡ རེས་གཟའ་མིག་དམར།
༄༅། །དེ་སྔོན་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོའི་ས་ཡོམ་འོག་ཚེ་སྲོག་ཤོར་བའི་མི་གྲངས་ ༢༢༠༠ ཙམ་ཡིན་པ་དང་། རྨད་སྐྱོན་ཕོག་པའི་གྲངས་ཚད་ ༡༢༠༠༠ ཙམ་ཡིན་པ་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད་ཀྱང་། ཕྱི་ཟླ་ ༥ ཚེས་ ༣༡ རེས་གཟའ་ཟླ་བའི་ཉིན་ཤིང་ཧ་དྲྭ་རྒྱའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གི་མཚོ་སྔོན་ཞིང་ཆེན་གྱི་གཙོ་འཛིན་གཞོན་པ་ཛང་གུང་རོང་ཟེར་བས་གསར་འགོད་ལྷན་ཚོགས་ཤིག་སྐབས་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་ཚེ་སྲོག་ཤོར་བའི་མཐའ་མའི་གྲངས་ཚད་ ༢༦༩༨ ཙམ་ཡིན་པའི་ནང་ནས་མི་གྲངས་ ༢༦༨༧ ཙམ་ངོས་འཛིན་ཐུབ་ཡོད་པ་དང་། འདས་གྲོངས་སུ་གྱུར་བའི་ཕུང་པོ་ ༡༡ ཙམ་ངོས་འཛིན་ཐུབ་མེད། དེ་བཞིན་རྐྱེན་འདས་སུ་གྱུར་བའི་ནང་ནས་སློབ་ཕྲུག་གྲངས་ ༡༩༩ ཙམ་ཡོད་པ་མ་ཟད། ཧོང་ཀོང་ནང་གནས་སྡོད་རྒྱ་རིགས་ཤིག་ཀྱང་ཡོད་པ་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད། ས་ཡོམ་གྱི་གོད་ཆག་བྱུང་འཕྲལ་ཨ་རིའི་ས་གཤིས་དཔྱད་ཞིབ་རིག་པས་ས་ཡོམ་གྱི་ཤུགས་ཚད་ ༦ དང་ཚེག ༩ ཡིན་པ་བརྗོད་ཡོད་ཀྱང་རྒྱ་ནག་གཞུང་གིས་ས་ཡོམ་གྱི་ཤུགས་ཚད་ ༧ དང་ཚེག ༡ ཡིན་པ་གསལ་བསྒྲགས་བྱས་ཡོད། དེ་རྗེས་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་སྐྱེ་རྒུ་མདོར་སླར་ཡང་ས་ཡོམ་ཤུགས་ཚད་ ༥ དང་ཚེག ༤ བརྒྱབ་ཡོད་ཀྱང་རྒྱ་ནག་གཞུང་གིས་ས་ཡོམ་དེའི་ཤུགས་ཚད་ ༥ དང་ཚེག ༧ ཡིན་སྐོར་གཞུང་གིས་གསལ་བསྒྲགས་བྱས་ཡོད་པ་བཅས།།