༢༠༡༠ ཕྱི་ཟླ་ ༦ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༠ ཉིན་སྔ་དྲོ་འབྲུག་སྤ་གྲོར་མཁའ་ལམ་བརྒྱུད་སྐྱབས་རྗེ་སྟག་ལུང་བརྩེ་སྤྲུལ་རིན་པོ་ཆེ་སོགས་སྐུ་མགྲོན་རྣམས་ལྷན་གནམ་ཐང་དུ་འབྱོར་སྐབས། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དང་ལྷོ་བྲག་ནམ་མཁའི་སྙིང་པོ་སོགས་ནས་ཕེབས་བསུ་དང་འབྲུག་སྤ་གྲོ་ས་མཚམས་མཆོད་རྟེན་ཞེ་ཆེན་ཐེག་མཆོག་ཆོས་ཀྱི་དགའ་ཚལ་གྱིས་སྟ་གོན་གནང་བའི་ཞི་བ་གླིང་དུ་ཕེབས་བཞུགས་གནང་།
ཕྱི་ཚེས་ ༡༡ ཉིན་སྔ་དྲོ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེས་དབུས་མཁན་སྤྲུལ་རྣམ་པས་སེར་ཕྲེང་དང་བཅས་སྐྱབས་རྗེ་དམ་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སྐུ་གོང་མའི་དབུ་ཐོད་དང་སྐུའི་ཉེར་སྤྱད་ནང་རྟེན་གྱི་རིགས་རྣམས་ཕུར་པ་ལྷ་ཁང་དུ་གདན་འདྲེན་གྱིས་ཁྲུས་གསོལ་གནང་། དེ་རྗེས་དམ་པ་དེ་ཉིད་ཀྱིས་ཕྱོགས་སྒྲིག་གནང་བའི་རིས་མེད་བླ་མ་མཆོད་པའི་གསུང་ཆོག་དབུ་འཛུགས་རྗེས་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཆོས་ཚོགས་དང་གཞུང་ཁག་གི་སྐུ་ཚབ་སོགས་སྐུ་མགྲོན་སྤྱི་དང་། བྱེ་བྲག་དཔལ་ལྡན་འབྲུག་གཞུང་གི་སྲིད་བློན་དབུས་བློན་ཆེན་ལས་ཟུར་རྣམས་དང་། སློབ་དཔོན་ཁག་བཞི། སྐུ་མགྲོན་གཙོ་བོ་རྒྱལ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་ལགས་ས་གནས་སུ་ཆེད་ཕེབས་སྐབས་ཡང་སྲིད་རིན་པོ་ཆེ་དང་མཇལ་དར་འབུལ་རེས་གནང་། དེ་རྗེས་དཀྱིལ་འཁོར་མདུན་བཙུན་མ་རྣམས་ནས་མཆོད་གར་ཕུལ་བ་དང་ཡང་སྲིད་རིན་པོ་ཆེ་ནས་རྒྱལ་ཡུམ་ཆེན་མོ་ལ་བཀྲིན་ལེགས་འབུལ་གྱི་གཟེང་རྟགས་ཕུལ། དེ་ནས་སྐུ་མགྲོན་གཙོ་བོས་སྐྱབས་རྗེ་དམ་པའི་ཞབས་ཞུ་བ་རྙིང་པ་རྣམས་ལ་དམ་པ་དེ་ཉིད་ཀྱི་སྐུ་རྟེན་རེ་གསོལ་རས་གནང་རྗེས་ཉིན་གུང་གསོལ་སྟོན་དང་། ཕྱི་དྲོ་གསུང་ཆོག་མུ་མཐུད་བཞིན་ཚོགས་མཆོད་དང་ཆོ་གའི་མཐའ་བསྡུ་གནང་བ་དང་། དགོང་མོ་གསོལ་སྟོན་དང་བསྟུན་སྐྱབས་རྗེ་དམ་པའི་མཛད་རྣམ་གློག་བརྙན་གཟིགས་འབུལ་ཞུས། ཉིན་འདིར་འདུས་ཚོགས་སུ་འབྲུག་གི་ཆེས་མཐོའི་མཛད་གཙོ་རྣམས་ལྷན་རང་གཞུང་གིས་ཀྱང་མཎྜལ་སྐུ་གསུང་ཐུགས་རྟེན། མང་ཇ་དང་སྐུ་འགྱེད་སྒོར་ ༥༠ རེའི་བསྙེན་བཀུར་ཞུས་པ་མ་ཟད། རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་དང་། འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག སྲིད་བློན་འཇིགས་མེད་འཕྲིན་ལས་འོད་ཟེར་བཅས་མཇལ་འཕྲད་དང་གུ་རུ་ང་འདྲ་མའི་སྐུ་རྟེན་དང་མཇལ་དར་བཅས་འབུལ་བཞེས་གནང་། སྤྱིར་ཉིན་དང་པོ་མཛད་གཙོ་རྣམ་དང་གཉིས་པ་རྒྱ་གར་གཞུང་ཚབ་སྐུ་ཞབས་ཀེ་ཀེ་ཤར་མ་མཆོག་དང་མཇལ་འཕྲད་དང་། ཉིན་གསུམ་པར་མང་ཚོགས་ལ་ནང་རྟེན་རྣམས་མཇལ་ཁ་དང་། གཉིས་པའི་དགོང་མོ་བོད་བལ་འབྲུག་པའི་གཞས་པ་ཕོ་མོ་རྣམས་ཀྱིས་དམ་པ་དེ་ཉིད་ལ་བསྟོད་གཞས་འཁྲབ་སྟོན་དང་། ཉིན་མཐའ་མའི་དགོང་མོ་སྟོན་འཁོར་ཡོངས་ནས་མར་མེའི་སྨོན་ལམ་གྱི་བཀྲིས་སྨོན་ལམ་དང་བཅས་སྐབས་དེར་གལ་ཆེའི་སྐུ་མགྲོན་ཡོངས་ལ་ཕེབས་འཁོར་འབྲུག་གཞུང་ཕྱི་སྲིད་ལས་ཁུངས་ནས་གྲ་སྒྲིག་འཐུས་ཚང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་པ་གནང་འདུག
ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་བཀའ་བློན་མཆོག་སྤ་གྲོ་བྱི་ཞིང་སྒང་ཀུན་དགའ་གླིང་གཞིས་ཆགས་སུ་འཚམས་གཟིགས་སྐབས། ས་གནས་ལྟ་རྟོགས་པས་ངོ་སྤྲོད་དང་ལས་སྡོམ་སྙིང་བསྡུས་སྒྲོག་སྦྱངས་ཞུས་རྗེས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་མང་ཚོགས་ལ་ཡུལ་མི་དང་འབྲེལ་བ་དམ་ཟབ་བྱ་གལ་ཆེ་བའི་སྐོར་དང་། འདས་པའི་ལོ་ ༥༡ རིང་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་བཟང་ཕྱོགས་ཀྱི་འགྱུར་བ་དང་། ཛ་དྲག་གི་དཀའ་ངལ་ཇི་ཡོད། ༸གོང་ས་མཆོག་གི་དགོངས་གཞི་ལྟར། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱ་ཕྱོགས། བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་ད་ལྟའི་གནས་བབ། འབྲུག་ནང་ཡོད་པའི་བོད་རིགས་རྣམས་ཡུལ་གྱི་མི་ཁུངས་ཡིན་མིན་ཇི་ལྟར་ཡང་ནང་ཁུལ་མཐུན་ལམ་བྱ་གལ་ཆེ་བ་དང་འབྲུག་སྡོད་རང་རིགས་རྣམས་ཀྱི་མདུན་ལམ་ཇི་ལྟར་གནང་མིན་མང་གཙོའི་ལམ་སྲོལ་ལྟར་རང་དབང་ཡིན་པ་སོགས་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྗེས་ཉིན་རྒྱབ་ཐིམ་ཕུ་ཁ་ས་ཁ་ཀུན་དགའ་རབ་བརྟན་གླིང་གཞིས་ཆགས་དང་། ཐིམ་ཕུ་འཇིགས་མེད་རབ་བརྟན་གླིང་གཞིས་མི་རྣམས་ལ་གོང་མཚུངས་གསུང་བཤད་གནང་། ཕྱི་ཚེས་ ༡༥ ཉིན་སྔ་དྲོ་བོད་སྒར་རྣམ་གླིང་གཞིས་ཆགས་དང་། ཉིན་རྒྱབ་དཀར་ཕྱེ་ས་ཀུན་ཕན་གླིང་གཞིས་ཆགས་བཅས་སུ་གོང་མཚུངས་གནང་། ཕྱི་དྲོ་འབྲུག་སྡོད་རྒྱ་གར་གཞུང་ཚབ་སྐུ་ཞབས་སན་ཇིབ་ཀུ་མར་མཆོག་དང་མཇལ་འཕྲད་ཀྱིས་ཚོགས་འདུའི་སྐོར་སོགས་ཕན་ཚུན་གླེང་མོལ་གནང་། ཕྱི་ཚེས་ ༡༦ ཉིན་སྔ་དྲོར་བཀའ་འཁྲོལ་སྔོན་ཞུས་ལྟར་འབྲུག་ཤར་ཕྱོགས་བུམ་ཐང་དུ་ཕྱོགས་ཕེབས་ཀྱིས་དགོང་མོ་བུམ་ཐང་ཆུ་སྨད་སྐལ་བཟང་གླིང་མང་ཚོགས་ལ་གོང་ལྟར་གསུང་བཤད་གནང་ཡོད། སྐབས་འདིར་གཞིས་ཁག་ཡོངས་ཀྱི་དགོན་པར་གནས་མཇལ་དང་རེ་བསྐུལ་རྣམས་གསན་བཞེས་གནང་།
ཕྱི་ཚེས་ ༡༧ ཉིན་སྔ་དྲོར་བུམ་ཐང་སྐུ་རྗེ་ལྷ་ཁང་དང་མཐའ་འདུལ་ཡང་འདུལ་ལྷ་ཁང་། བྱམས་པ་ལྷ་ཁང་བཅས་གནས་མཇལ་དང་དགེ་འདུན་པ་ ༤༠༠ ཙམ་གྱིས་བཀའ་བརྒྱད་སྒྲུབ་ཆེན་ལ་མང་ཇ་དང་བསྙེན་བཀུར་ཞུས། དེ་རྗེས་སྲས་མཁར་གྲ་ཚང་དང་། མཁར་ཆུ་གྲྭ་ཚང་། གཏམ་ཤིང་ལྷ་ལུང་གྲྭ་ཚང་བཅས་ལ་གནས་མཇལ་དང་མཆོད་འབུལ་བསྙེན་བཀུར་སྤྱི་མཚུངས་དང་། ལྷག་པར་ལྷོ་བྲག་ནམ་སྙིང་མཁར་ཆུ་གྲྭ་ཚང་དགེ་འདུན་པ་ ༤༠༠ ལྷག་ལ་རེ་བསྐུལ་ལྟར་དུས་ཡུན་སྐར་མ་ ༤༠ རིང་བསྟན་པ་དང་བསྟན་འཛིན་གལ་ཆེ་བ། དུས་རབས་དང་མཐུན་པའི་ནང་པ་མཚན་དོན་མཚུངས་པ་གནང་གལ་ཆེ་སྐོར་གསུང་བཤད་ལམ་སྟོན་གནང་ཡོད། ཉིན་རྒྱབ་ཀུན་མཁྱེན་ཀློང་ཆེན་པའི་གདན་ས་ཐར་པ་གླིང་སོགས་ལ་གནས་མཇལ་དང་བསྙེན་བཀུར་ཞུས་སྟེ། དགོང་མོ་ཡང་སྲིད་རིན་པོ་ཆེ་མཆོག་ནས་ མགྲོན་འབོད་ལྷར་ཕྱི་ནང་སྐུ་མགྲོན་བརྒྱ་སྐོར་ལྷན་གསོལ་སྟོན་ལ་ཆེད་ཕེབས་གནང་།
ཕྱི་ཚེས་ ༡༨ ཉིན་སྔ་དྲོ་བུམ་ཐང་ནས་སྤ་གྲོར་ཕེབས་ཞོར་དུ་ལྷ་ལུང་ཐུགས་སྲས་རིན་པོ་ཆེ་དང་མཇལ་ཁ་དང་མ་ཡུམ་ལ་ཐུགས་གསོ་བཅས་གནང་ཤིང་། སྐབས་འདིར་འབྲུག་གཞུང་སོ་ནམ་བློན་ཆེན་དང་ལྷན་མཇལ་གནང་། དགོང་མོ་སྤ་གྲོར་འབྱོར་བ་དང་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་བཀའ་འབྲེལ་ལྟར་ཕྱི་རྒྱལ་བ་གཙོས་པའི་སྐུ་མགྲོན་ཁག་ལྷན་གསོལ་སྟོན་ལ་མཉམ་ཞུགས་ཀྱི་སྐབས་འདིར་འབྲུག་པའི་གཞས་པ་ཕོ་མོ་རྣམས་ནས་གླུ་གར་གཟིགས་མོ་འཁྲབ་སྟོན་གནང་། ཕྱི་ཚེས་ ༡༩ ཉིན་སྔ་དྲོ་འབྲུག་སྤ་གྲོ་གནམ་ཐང་བརྒྱུད་ལྡི་ལིར་ཕྱིར་ཕེབས་ཀྱིས་དཔལ་ལྡན་བཀའ་ཁྲི་རིན་པོ་ཆེ་མཆོག་དང་ལྡི་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་བཅས་མཇལ་འཕྲད་དང་། ཕྱི་ཚེས་ ༢༠ ནས་རྡ་སར་ཕེབས་འབྱོརགནང་བའི་གསར་གནས་སྙིང་བསྡུས་སུ།།