༢༠༡༠ ཕྱི་ཟླ་ ༦ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྒྱ་གར་བྱང་ཕྱོགས་ཇམ་མུ་ཀ་ཤི་མིར་མངའ་སྡེའི་ཀི་རི་ཤི་ར་ (Krishtwar Distt) རྫོང་ནང་ཡོད་པའི་དཔལ་དར་ (Padder) ས་ཁུལ་གྱི་སྒུ་ལབ་གར་ (Gulabh Ghar) གྲོང་ཚོའི་ནང་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་ (Himalayan Buddhist Cultural Association) བཙུགས་པའི་ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭ་ (Himalayan Buddhist Cultural School) དང་དེ་བཞིན་ནང་ཆོས་སློབ་གཉེར་ཁང་ (Central Institute of Buddhist Studies) གཅིག་བཅས་གཉིས་བཙུགས་ཏེ་ལོ་ ༡༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་གང་ཉིད་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ཆིབས་སྒྱུར་བསྐྱངས་ཡོད།
སྐབས་དེར་ཇམ་མུ་ཀ་ཤ་མི་རིའི་མངའ་སྡེའི་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་ཌུལ་ལ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། མཛད་སྒོའི་སྐབས་༸གོང་ས་མཆོག་གི་བརླབས་ཆེན་གྱི་མཛད་རྗེས་ལ་བློན་ཆེན་མཆོག་གིས་བསྔགས་བརྗོད་ཞུས་ཡོད།
དེ་ཡང་ཐོག་མར་ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭའི་སློབ་མ་ཚོས་གང་བློ་མའི་ཤིས་བརྗོད་བཏོན། དེ་རྗེས་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་སྐུ་མགྲོན་ཚོར་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་མངའ་སྡེའི་བློན་ཆེན་ཨོ་མར་ཨབ་ཌུལ་ལ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་ཀྱི་ཐོག་མར་ས་གནས་ཡུལ་མི་ཚོར་དགའ་བསུའི་གསུང་བཤད་དང་འཚམས་འདྲི་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱངས་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཞུས་ཡོད། ཁོང་གིས་གསུང་དོན། ཕྱི་ལོ་ ༡༩༨༧ ལོར་ངའི་པ་ལགས་མངའ་སྡེའི་བློན་ཆེན་ཡིན་སྐབས་དཔལ་དར་ཁུལ་དུ་བསླེབས་ཡོད།
སྐབས་དེར་དཔལ་དར་མི་མང་ཚོས་ཁོང་ལ་༸གོང་ས་ཏཱ་ལའི་བླ་མ་ཁུལ་དེར་གདན་ཞུ་དགོས་པའི་རེ་འདུན་བཏོན་ཡོད། དེར་བརྟེན་དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་འདིར་དངོས་སུ་གདན་འདྲེན་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེ་ཧྲིལ་པོའི་ནང་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད་ཀྱང་ཁོང་གི་བཞིན་རས་ལ་དགའ་སྐྱིད་ཀྱི་འཛུམ་མདངས་ཤིག་དུས་རྟག་ཏུ་མངོན་གྱི་ཡོད། ཁོང་གི་འཛུམ་མདངས་དེས་ཁོང་དང་ལྷན་དུ་ཡོད་མཁན་མི་སུ་འདྲ་ཞིག་ཡིན་རུང་སེམས་ནང་ཞི་བདེ་དང་སྤྲོ་སྣང་སྐྱེས་ཐུབ། ཐེངས་འདིར་༸གོང་ས་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་ཐོབ་པར་ངོས་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། མ་འོངས་པར་སླར་ཡང་གང་མགྱོགས་མཇལ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན་མངའ་སྡེེའི་བློན་ཆེན་མཆོག་གིས་༸གོང་ས་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ།
སྐབས་དེར་མངའ་སྡེའི་ཡུལ་ཁོར་སྤྲོ་ཆམ་དང་རིག་གཞུང་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་མཆོག་དང་། ཀ་མཐ་ཨ་ལི། གྷུ་ལམ་མོ་ཧཱ་མཌ་མཆོག ལལ་སིངྒ་བཅས་༸གོང་ས་མཆོག་དང་ལྷན་སྡིང་ཆའི་སྟེང་བཞུགས་མཁན་གྱི་སྐུ་མགྲོན་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་ཞུས།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་མང་ཚོགས་རྣམས་ལ་མཚམས་འདྲི་བཀའ་སློབ་སྩལ་བ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་རྒྱ་གར་གནའ་བོའི་སྲོལ་རྒྱུན་ནས་དར་བའི་འཚེ་བ་མེད་པའི་ལྟ་གྲུབ་དང་། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་བསླབ་བྱ་དེ་དག་དེང་སྐབས་འཛམ་གླིང་ནང་ཧ་ཅང་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ཕན་རླབས་ཆེན་པོ་ཆགས་ཡོད་སྐོར་དང་། མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་གནའ་རབས་སྲོལ་རྒྱུན་དེ་དག་འཛམ་གླིང་ས་ཕྱོགས་གང་དུ་ཆིབས་སྒྱུར་མཛད་སྐབས་བརྡ་ལན་སྤྲོད་བཞིན་ཡོད་སྐོར་དང་། དེ་བཞིན་མངའ་སྡེའི་བློན་ཆེན་མཆོག་དང་མགོན་པོ་གང་ཉིད་མཆོག་ཐུགས་མཛའ་བརྩེ་ཆེན་པོ་ཡོད་པ་མ་ཟད། བློན་ཆེན་མཆོག་གི་ཡབ་ཕ་རུཀ་ཨབ་ཌུལ་ལ་མཆོག་དང་། ཁོང་གི་ཡབ་དམ་པ་དེ་དང་ཡང་མཛའ་འབྲེལ་ཆེན་པོ་ཡོད་སྐོར་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་མང་ཚོགས་རྣམས་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་ཐབས་བྱེད་དགོས་པ་ལས།ཕྱག་མཆོད་འབུལ་དང་སྨོན་ལམ་རྒྱག་རྒྱུ་ཙམ་གྱིས་འགྲིག་གི་མེད་སྐོར་བཅས་བཀའ་སློབ་གྲུབ་བསྟུན་ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཧི་མ་ལའི་གཞས་སྣ་གཟིགས་འབུལ་ཞུས།
དེ་རྗེས་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་མངའ་སྡེ་བློན་ཆེན་མཆོག་ལ་ས་གནས་དེར་མ་འོངས་པར་མཐོ་སློབ་ཞིག་འཛུགས་རྒྱུར་མངའ་སྡེ་ནས་མཐུན་འགྱུར་རོགས་རམ་གྱི་འབོད་སྐུལ་ཞུ་ཡིག་གཅིག་ཕུལ། ཞུ་ཡིག་དེ་ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭའི་ཚོགས་གཙོ་ཚེ་རིང་དབང་ཕྱུག་ལགས་ཀྱི་ཀློག་གྲུབ་མཚམས། འཛམ་གླིང་ཞི་བདེ་ཡོང་ཆེད་བདེན་ཚིག་སྨོན་ལམ་དབྱངས་དང་བཅས་བཏོན། དེ་རྗེས་ཚོགས་བཅར་བ་དང་སྐུ་མགྲོན་ཚང་མ་ཡར་བཞེངས་ཏེ་རྒྱ་གར་རྒྱལ་གླུུ་བཏང་པ་དང་སྦྲགས་མཛད་སྒོ་གྲོོལ། མཛད་སྒོའི་སྐབས་དཔལ་དར་ཁུལ་དང་ཉེ་འགྲམ་གྲོང་ཚོ་ཁག་ནས་ཧི་མ་ལ་ཡའི་ནང་པའི་དད་ལྡན་མི་མང་དང་། ས་གནས་ཁ་ཆེ་དང་ཧིན་ཌུའི་མི་མང་བཅས་མང་ཚོགས་གྲངས་ ༡༠༠༠༠ ལྷག་ལྷན་ཞུགས་གནང་ཡོད།
ཉིན་གུང་ཆུ་ཚོད་ ༡།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ ༢༠༠༠ ལྷག་ཙམ་ལ་ཚེ་དཔག་མེད་ཀྱི་ཚེ་དབང་སྩལ། ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭའི་ནང་སློབ་ཕྲུག་གྲངས་ ༣༠༠ ཙམ་ཡོད་པ་དང་འཛིན་རིམ་བརྒྱད་པ་བར་ཡོད་འདུག་པ་བཅས།།