༢༠༡༠ ཕྱི་ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་བྱ་རྩོམ་སྒྲིག་པས་ཉི་ཧོང་ནས་བཏང་གནས་ནང་གསལ། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༠ ཉིན་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་དུ་ཆིབས་སྒྱུར་སྐྱོང་སྐབས་ནང་ཆོས་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱུང་ན་ཡག་པོ་ཡོད་སྐོར་གྱི་བཀའ་སློབ་ལམ་སྟོན་ཕེབས་དོན་བཞིན་ཐེངས་འདིར་ཉི་ཧོང་གི་གྲོང་ཁྱེར་ན་ག་ནོ་ (Nagano City) ནང་རྟེན་གཞི་བྱས་པའི་ (All Japan Zenkoji Federation) ཉི་ཧོང་གི་ཛེན་ཀོ་ཇི་ནང་པའི་མཐུན་ཚོགས་དང་། མ་དགོན་གཙོ་བོར་གྱུར་བའི་ (Japan Buddhist Federation) ཉི་ཧོང་ནང་པའི་མཐུན་ཚོགས། (Nagano Buddhist Federation) ན་ག་ནོ་ནང་པའི་མཐུན་ཚོགས། (Nagano City BuddhistFederation) ན་ག་ནོ་གྲོང་ཁྱེར་གྱི་ནང་པའི་མཐུན་ཚོགས་བཅས་ནས་ཐེངས་དང་པོ་གོ་སྒྲིག་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཀོ་ཀུ་སེ་ Kokusai ཞེས་པའི་མགྲོན་ཁང་གི་ཚོགས་ཁང་ནང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ནང་ལུགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་ཐེངས་འདིའི་བགྲོ་གླེང་། ནང་ཆོས་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན། (Exchang of opinion on Bhuddhism) ཞེས་པའི་བརྗོད་གཞིའི་ཐོག་དེར་བཅར་བའི་ཛེན་ཀོ་ཇི་མ་དགོན་གྱི་ཁྱབ་ཁོངས་ཡིན་པ་དགེ་འདུན་པ་གྲངས་ ༡༨༩ དང་དེ་བཞིན་ནང་ཆོས་དང་འབྲེལ་བའི་མཁས་པ། སྐུ་མགྲོན་བཅས་ཁྱོན་བསྡོམས་མི་གྲངས་ ༢༠༠ བརྒལ་བ་བཅར་ཡོད་པའི་ཐོག་མར་ཛེན་ཀོ་ཇི་མ་དགོན་གྱི་དྲུང་ཡིག་ཆེ་མོ་མཆོག་ནས་གསུང་བཤད་གནང་དོན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བྱམས་བརྩེའི་བཀའ་སློབ་རྣམས་མི་གཞན་ལ་རླབས་ཆེན་གྱི་ཕན་ཐོགས་ཡོད་པ་ཞིག་ཡིན། ད་རེས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་ནས་བཀའ་སློབ་དང་དེར་སྐུ་ཉིད་མཆོག་མཆོག་དང་ལྷན་བགྲོ་གླེང་ཞུ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཐོབ་བྱུང་། དེ་བཞིན་ཁ་ཉིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་ཐེངས་དང་པོ་༸ཞབས་སོར་འཁོད་དེ་ང་ཚོ་དང་ས་གནས་མི་དམངས་མང་པོ་ཞིག་གིས་དངོས་སུ་མཇལ་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང་། ཞེས་སོགས་ཀྱི་གསུང་བཤད་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་བཅར་བའི་ཉི་ཧོང་གི་ཆོས་ལུགས་ཁག་གི་དགེ་འདུན་པ་དང་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་སྦྲགས་ཐོག་མར་བཀའ་སློབ་ཕེབས་དོན། ཁྱེད་རང་ཚོ་ཚང་མར་སྔ་དྲོ་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ཆོས་གྲོགས་ཕོ་མོ་རྣམས་ལ་ཞུ་རྒྱུར་ངོས་རང་དེ་རིང་འདིར་གྲོས་སྡུར་གྱི་ཚོགས་ཐུན་ཐོག་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་ཀྱིས་གོ་སྒྲིག་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕན་ཚུན་བགློ་གླེང་བྱེད་རྒྱུ་ནི་ཕན་ཐོགས་ཆེན་པོ་ཡོད་པ་བརྟེན་ད་ལྟར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ངོས་ལའང་གནས་ཚུལ་དང་བསམ་ཚུལ་གསར་པ་དེ་འདྲ་ཤེས་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ས་རེད། ངོས་ནས་ཐོག་མར་བོད་ཀྱི་ནང་ཆོས་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་གི་ཡིན། དུས་རབས་བདུན་པའི་ནང་བོད་ལ་ནང་ཆོས་ཐོག་མར་དར་བ་རེད། དེ་ནས་དུས་རབས་བརྒྱད་པའི་ནང་བོད་ཀྱི་ཆོས་རྒྱལ་གྱིས་རྒྱ་གར་ན་ལེནྡྲའི་མཁས་དབང་སློབ་དཔོན་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་པར་བརྟེན། ཁོང་གིས་བོད་དུ་ནང་ཆོས་དར་སྤེལ་མཛད་ཡོད། མཁན་ཆེན་ཞི་བ་འཚོ་རང་ཉིད་དཔལ་ན་ལེནྡྲའི་གཙུག་ལག་ཁང་གི་ལྟ་གྲུབ་་བའི་མཁས་དབང་གྲགས་ཅན་ཞིག་ཡིན་པ་མ་ཟད། ཚད་མ་རིག་པ་་བ་གྲགས་ཅན་ཞིག་ཀྱང་ཡིན། ཁོང་གིས་བོད་ནང་ན་ལྡའི་སྲོལ་རྒྱུན་གྱི་ནང་ཆོས་ངོ་སྤྲོད་གནང་བར་བརྟེན། ངོས་ནས་བོད་པའི་ནང་ཆོས་ཀྱི་སྲོལ་རྒྱུན་དེ་དཔལ་ན་ལེྡའི་སྲོལ་རྒྱུན་དྲི་མ་མེད་པ་ཞིག་རེད་ཅེས་བརྗོད་བཞིན་ཡོད། ཉི་ཧོང་གི་ནང་ཆོས་ཀྱི་སྲོལ་རྒྱུན་དེ་རྒྱ་ནག་སྐམ་ས་ཆེན་མོ་ནས་བྱུང་བ་ཞིག་ཡིན་པ་དང་། ངོས་ཀྱིས་དེ་རྒྱ་གར་དང་ཐད་ཀར་འབྲེལ་བ་ཡོད་པ་གོ་ཐོས་བྱུང་། ཉི་ཧོང་གི་ནང་ཆོས་དེ་ཡང་དཔལ་ན་ལེནྡྲའི་སྲོལ་རྒྱུན་དྲི་མ་མེད་པ་ཞིག་ཆགས་ཡོད། དེ་བཞིན་གཙོ་བོ་རྒྱ་ནག་ནས་ནང་ཆོས་དར་སྤེལ་བྱུང་བའི་རྒྱལ་ཁབ་ཉི་ཧོང་དང་ཀོ་རི་ཡ། ཝི་ཏི་ནམ་བཅས་རྒྱལ་ཁབ་ཚང་མ་ཤེས་རབ་སྙིང་པོ་འདོན་མཁན་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ང་ཚོ་ཚང་མ་རྒྱ་གར་ནས་དར་བའི་སྲོལ་རྒྱུན་གཅིག་གི་ནང་ཆོས་ཀྱི་རྗེས་སུ་འཇུག་མཁན་གཅིག་མཚུངས་ཤིག་ཆགས་ཡོད། ཕྱོགས་མཚུངས་རྒྱལ་ཁབ་དེ་དག་ནང་སློབ་དཔོན་སྒྲུབ་གྲགས་ཆེན་པོ་ཡོད། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་རྒྱ་ནག་གི་སྐད་ཡིག་ནང་དུའང་བསྒྱུར་ཡོད་འདུག དེ་བཞིན་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གཙོ་ཆེ་བ་མང་པོ་ཉི་ཧོང་སྐད་ནང་བསྒྱུར་ཡོད་ཚོད་འདུག ངོས་ཀྱི་ཤེས་ཚོད་བྱས་ན་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་བརྩམས་པའི་ནང་པའི་ཚད་མ་རིག་པའི་རྣམ་གཞག་དེ་ཚོ་རྒྱ་སྐད་ཐོག་བསྒྱུར་མེད་པ་འདྲ། དེར་བརྟེན་ངོས་ཀྱི་བསམ་པར་གལ་ཏེ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་བརྩམས་པའི་ཚད་མའི་རྣམ་གཞག་གི་གཞུང་དེ་གཉིས་བསྒྱུར་མེད་ཚེ་དེ་དག་བསྒྱུར་ཐུབ་པ་བྱེད་རྒྱུ་ནི་དགོས་གལ་ཆེ་བ་མཐོང་། དེ་བཞིན་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་རྒྱ་སྐད་ཐོག་ཕལ་ཆེར་མེད་པ་འདྲ། འོན་ཀྱང་དབུ་མ་འཇུག་པ་རྒྱ་སྐད་ཐོག་ཡོད་པ་འདྲ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་གཞུང་། དེ་བཞིན་སེམས་རང་བཞིན་གྱི་འོད་གསལ་བ་བདེ་གཤེགས་སྙིང་པོ། ཆོས་དབྱིངས་བསྟོད་པ། དེ་བཞིན་དཔལ་གསང་བ་འདུས་པ་རྒྱུད་ཀྱི་འགྲེལ་པ་ཧ་ཅང་ཟབ་རླིངས་ཤིག་མཛད་ཡོད། རྒྱ་གར་གྱི་མཁས་དབང་མང་པོས་དཔལ་གསང་བ་འདུས་པའི་ལུང་འདྲེན་བྱས་ཡོད། དེར་བརྟེན་ན་ལེནྡྲའི་ཞལ་རྒྱུན་ནང་ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོའི་མདོ་དང་ཐེག་པ་ཆེན་པོའི་སྔགས་བཅས་གསུམ་ཐུན་མོང་དུ་ཉམས་བཞེས་མཛད་ཀྱི་ཡོད་པ་གསལ་པོ་རེད། ནང་པའི་སྲོལ་རྒྱུན་ནང་སངས་རྒྱས་སྐུ་མྱ་ངན་ལས་འདས་རྗེས་སྟོན་པའི་རྗེས་འབྲངས་པ་འགས་ཐེག་པ་ཆེན་པོ་མི་འདོད་པ་དང་། དེ་བཞིན་རྗེས་འབྲངས་པ་འགས་སྔགས་ཀྱི་ཐེག་པ་ངོས་ལེན་བྱས་མེད། མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་གསང་སྔགས་ཐེག་པ་སངས་རྒྱས་ཀྱི་བཀའ་ཡིན་པ་བསྒྲུབས་ཡོད། དེ་ལྟ་བུའི་བཞེད་སྲོལ་མི་མཐུན་པ་དུས་ད་ལྟའང་ཡོད། མགོན་པོ་༸ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་དེ་དག་ལ་གཞིགས་ཚེ་ཁོང་རང་ཉིད་ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོ། གསང་སྔགས་ཀྱི་ཐེག་པ་བཅས་གསུམ་ཆ་ཉམས་བཞེས་མཛད་མཁན་ཞིག་ཡིན་པ་གསལ་པོ་རེད། མཁན་ཆེན་ཞི་བ་འཚོས་ཀྱང་རྒྱུད་ཀྱི་གཞུང་དེ་འདྲ་བརྩམས་ཡོད། དེ་མཚུངས་དུས་རབས་ ༡༡ ནང་དཔལ་མར་མེ་མཛད་བོད་དུ་ཕེབས། ཁོང་གིས་མཛད་པའི་གཞུང་དེ་ཚོའི་ནང་དུའང་རྒྱུད་ཀྱི་འགྲེལ་པ་མཛད་ཡོད། ངོས་ཀྱི་དུས་རྒྱུན་ཐེག་པ་ཆུང་ངུ་དང་ཐེག་པ་ཞེས་ཐ་སྙད་བེད་སྤྱོད་བྱས་པ་ལས་པ་ལི་ནས་བྱུང་བའི་ནང་ཆོས་ཀྱི་སྲོལ་རྒྱུན་དང་། ལེགས་སྦྱར་ནས་བྱུང་བའི་ནང་ཆོས་ཀྱི་སྲོལ་རྒྱུན་བརྗོད་ན་འཚམས་པོ་ཞིག་མཐོང་གི་འདུག ནང་པའི་བཞེད་སྲོལ་གཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་གསུམ་བསྐོར་ཡོད་པ་བཞེས་ཀྱི་ཡོད། ཆོས་འཁོར་དང་པོའི་སྐབས་བདེན་བཞི་གསུངས་ཡོད། ཆོས་འཁོར་བར་པའི་སྐབས་བདེན་གཉིས་གསུངས་ཡོད། ཆོས་འཁོར་གསུམ་པའི་སྐབས་སེམས་འོད་གསལ་བའི་རང་བཞིན་སྐོར་གསུངས་ཡོད། བོད་ཀྱི་ནང་ཆོས་ངོ་སྤྲོད་སྐོར་དེ་རེད་ཅེས་སོགས་ཀྱི་བཀའ་སློབ་སྩལ།།