༢༠༡༠ ཕྱི་ཟླ་ ༦ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོ་གོ་སྒྲིག་གནང་མཁན་གྱི་ཚོགས་པ་ཚོར་ཐུགས་རྗེ་ཆེ་ཞུ་བའི་བཀའ་སློབ་སྩལ་དོན། ལོ་མང་འགྲོགས་པའི་འདི་ག་རྡ་རམ་ས་ལའི་ཡུལ་མི་དང་། ཨ་ཇེ་སིངྒ་ཁོང་དང་། ས་གནས་ཀྱི་མི་སྣ་རྣམ་པ་ཚོ། དེ་བཞིན་དེ་རིང་འདིར་ཆོ་ག་སྲུང་མཁན་ཚོ་རེད། ཁྱེད་རང་ཚོ་ཚང་མར་ཞུ་རྒྱུར། དེ་རིང་འདིར་བསམ་པ་རྣམ་པར་དག་པའི་སྒོ་ནས་རིག་བྱེད་མེ་ལྷ་མཆོད་རྒྱུའི་ཐོག་ནས་ལས་གཞི་ལྷུན་གྱི་འགྲུབ་པར་བྱེད་པའི་མེ་ལྷའི་ཆོ་ག་གནང་བ་དང་། དེའི་ཐོག་ལ་ཁྱེད་རང་ཚོས་གསོལ་སྟོན་བཏང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མེ་ལྷའི་མེ་མཆོད་གནང་རྒྱུ་ནི་སྔོན་མ་ངོས་ཀྱིས་ཞུ་རྒྱུ་བྱུང་། མེ་ལྷ Agni གསོ་རྒྱུ་ནི་བོད་ཀྱི་གསང་སྔགས་ཀྱི་ཆོས་ནང་གཅིག་མཚུངས་ཡོད། ནམ་རྒྱུན་ང་ཚོའི་མེ་ལྷ་བརྒྱུད་ནས་འཇིག་རྟེན་ལས་འདས་པའི་ལྷ་ལ་མཆོད་རྒྱུ། མེ་ལྷའི་མཆོད་པའི་སྒོ་ནས་རབ་འབྱམས་བསྒྲུབ་རྒྱུ་དེ་ཡོང་གི་ཡོད། ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནམ་གཤིས་ཚ་བ་ཡོད་པའི་སྐབས་སུ་སྦྱིན་སྲེག་འབུལ་རྒྱུ་དེ་མཚམས་རེ་ཕྲན་བུ་དཀའ་ངལ་ཡོད། གནམ་གཤིས་ཚ་བ་ཡོད་པའི་སྒང་ལ་མེ་འབར་སྐབས་ཚ་བ་འཕར་མ་དང་དུ་བླང་པ་ལྟ་བུ་ཞིག་འདུག ད་ལྟ་ཨ་ཇེ་སིངྒ་གི་གསུང་བཤད་འདི་དངོས་གནས་བསམ་པ་རྣམ་དག་སེམས་གཏིང་གི་ཚོར་བ་དེ་ངོས་ལ་གསུངས་ཏེ་ངོས་རང་ཡང་ཡིད་འགུལ་ཐེབས་བྱུང་། ང་ཚོ་བོད་པ་བཙན་བྱོལ་བ་ཆགས་ནས་ལོ་ ༥༡ བརྒལ་གྱི་ཡོད། དེ་བཞིན་རྡ་སར་ལོ་ ༥༠ བརྒལ་འགྲོ་གི་ཡོད་པ་རེད། དེའི་རིང་སྤྱི་ཡོངས་ཀྱི་ཆ་ནས་བོད་མི་བཙན་བྱོལ་བ་ཡོད་སའི་ས་ཁུལ་གང་དུ་ཡིན་ནའང་ཡུལ་པ་ཚོ་དང་ཕྲན་བུ་རྙོག་གྲ་ཡོང་སྲིད། འོན་ཀྱང་ཕྱོགས་ཡོངས་ནས་ས་གནས་གང་དུ་ཡིན་ནའང་ཡུལ་པ་ཚོ་དང་ཞེ་དྲག་གི་འབྲེལ་བ་ཡག་པོ་ཡོད། རྒྱ་གར་ཙམ་དུ་མ་ཟད་སུད་སིར་བོད་པ་ཚོ་ཕྱི་ལོ་ ༡༩༦༠ ནང་ཕྱིན་པ་རེད། སུད་སིའི་ཡུལ་པ་ཚོ་དང་ཞེ་དྲག་འཆམ་པོ་ཡོད་པར་བརྟེན་ཡུལ་པ་ཚོས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག དེ་བཞིན་ཨ་རི་དང་། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་ལ་སོགས་བོད་པ་ཡོད་སའི་ས་ཆ་གང་སར་ཡུལ་པ་ཚོས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག བོད་ནང་ལ་འཇིགས་སྣང་དང་དོགས་པའི་འོག་མི་ཚེ་སྐྱེལ་མཁན་ཚོ་ལའང་རང་བཞིན་བོད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་བཟང་པོ་ཞིག་ཡོད་སྟབས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ལྷག་པར་རྒྱ་རིགས་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་འདུག ང་རང་ཚོ་བོད་པ་ཚོར་མིས་དགའ་པོ་བྱེད་དགོས་པའི་རྒྱུ་མཚན་དེ་ཤེས་དགོས། བོད་པ་ཕྱུག་པོ་རེད་ཅེས་ནས་དགའ་པོ་བྱེད་ཀྱི་མེད། བོད་པར་དམིགས་བསལ་གྱི་ཤེས་ཡོན་ཡོད་པ་རེད་ཅེས་དགའ་པོ་བྱས་པ་དམིགས་བསལ་གང་ཡང་མ་རེད། ཡང་བོད་པ་དམིགས་བསལ་གྱི་མཛེས་སྡུག་ལྡན་པ་འདུག་ཟེར་ནས་དགའ་པོ་བྱས་པ་ཧ་ལམ་མ་རེད། གང་ལྟར་བོད་པའི་གཤིས་ཀ་དེ་ཡ་རབས་དང་། བདེན་པ་བདེན་ཐུག་བྱེད་མཁན། གཞན་ལ་གནོད་འཚེ་བྱེད་རྒྱུ་དེ་མ་རབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། མཐའ་ཡུལ་གང་དུ་ཡིན་ནའང་སྤྱིར་བཏང་འགྲོ་བ་མི་སུ་དང་སུ་ཡིནའང་དྲང་པོ་དང་། ལྷག་བསམ་རྣམ་དག་བྱེད་རྒྱུ། རྫུན་མ་བཤད་པ་དང་། གནོད་སེམས་མ་བྱས་ན་དུད་འགྲོ་ཡིན་ནའང་དགའ་པོ་བྱེད་ཀྱི་རེད། དེར་བརྟེན་བོད་པར་ཡག་པོ་བྱེད་ཀྱི་ཡོད། དེ་ང་རང་ཚོ་བོད་པའི་རིན་ཐང་ཞིག་རེད། ང་ཚོ་བོད་པ་ཚོས་སོ་སོའི་རིན་ཐང་ངོ་ཤེས་པ་བྱེད་དགོས། ཁྲ་ཁྲ་ཟིང་ཟིང་གང་ཙམ་སླེབས་ཡོང་སྐབས་མི་ཚོས་དགའ་པོ་བྱེད་རྒྱུའི་རིན་ཐང་དེ་བརླག་པ་ཡིན་ན་དཔེ་མ་སྲིད་པའི་ཐབས་སྐྱོ་པོ་རེད། རིན་ཐང་ངོ་ཤེས་པ་བྱས་ཏེ་མི་ཚེ་སྐྱེལ་དགོས། དཔལ་འབྱོར་གྱི་གནས་སྟངས་འགྱུར་བ་འགྲོ་གི་ཡོད། འོན་ཀྱང་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་བཟང་པོའི་ཡོན་ཏན་དེ་ག་དུས་ཡིན་ནའང་འགྱུར་བ་མེད་པ་ཞིག་དང་། ནམ་ཡང་ཉམས་པ་མེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་རང་ཚོར་ཕ་མེས་ནས་ཡོད་པའི་བཟང་པོའི་ཡོན་ཏན་དེ་དག་ཉམས་པ་མེད་པ་ཉར་ཚགས་བྱས་ཐོག་དེང་དུས་ཀྱི་ཤེས་ཡོན་དང་། ལག་རྩལ་གང་ཅིའི་ཆ་ནས་དུས་རབས་ ༢༡ ཀྱི་རྗེས་བཟུང་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། ངོས་ཀྱིས་འདི་ཐེངས་མང་པོ་བརྗོད་མྱོང་ཡོད། ང་ཚོ་འདིར་བཙན་བྱོལ་བ་དང་། ཡུལ་གྱར་བྱས་ཏེ་བསྡད་རིང་ཕྱོགས་གཅིག་ནས་དངོས་གནས་སེམས་སྐྱོ་བའི་གནས་ཚུལ་ཞིག་རེད། ཕྱོགས་གཞན་ཞིག་ནས་གོ་སྐབས་བཟང་པོ་ཞིག་ཡིན། གོ་སྐབས་ང་ཚོའི་བོད་པའི་ངོས་ནས་ཆ་ཚང་ལོངས་སྤྱོད་ཐུབ་རྒྱུའི་རྩ་བའི་རྒྱབ་རྟེན་ལྟ་བུ་དེ་གཙོ་བོ་རྒྱ་གར་གཞུང་གི་རྒྱབ་སྐྱོར་དང་། དེ་བཞིན་བོད་པ་གང་དུ་ཡོད་པ་ཡིན་ནའང་ས་གནས་དེའི་གཞུང་གི་རྒྱབ་སྐྱོར་རེད། ལྷག་པར་ཉིན་རེ་ཉིན་རེ་འགྲུལ་བཞུད་བྱེད་མཁན་གྱི་ཡུལ་པ་ཚོས་དངོས་གནས་གྲོགས་པོའི་འདུ་ཤེས་ཀྱི་རྒྱབ་སྐྱོར་ཡོད་པར་བརྟེན་ནས་བྱུང་བ་རེད། དེ་འདྲ་ཡིན་དུས་སྤྱིར་རྒྱ་གར་མི་མང་དང་། ཡང་སྒོས་ས་གནས་མི་མང་རེད། ལྷག་པར་དེ་རིང་འདིར་གསོལ་སྟོན་གནང་མཁན་ཚོ་ལ་ཡང་བསྐྱར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རང་ཚོ་དེ་རིང་འདིར་གསོལ་སྟོན་གནང་གི་ཡོད་པ་རེད། རྒྱ་གར་རང་གི་གནའ་རབས་ཀྱི་འགྲོ་སྟངས་བཞིན་ལོ་མའི་སྟེང་བཟའ་རྒྱུ་དེ་སྔར་སངས་རྒྱས་བཅོམ་ལྡན་འདས་གསོལ་སྙོམས་མང་པོ་ཞིག་འདི་ལྟར་མཆོད་ཡོད་པ་རེད། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་ང་ཚོའི་རྣམ་དཔྱོད་ཀྱི་བློ་མིག་འབྱེད་པར་མཛད་མཁན་དཔལ་ནཱ་ལའི་མཁས་པའི་དབང་པོ་དེ་དག་གི་འཚོ་བ་དེ་ལྟར་ཞིག་བསྐྱལ་ཡོད། དེ་འདྲ་ཡིན་དུས་དེ་རིང་འདིར་དམིགས་བསལ་གྱི་དྲན་གསོ་ཐེབས་པ་ཡག་པོ་ཞེ་དྲག་བྱུང་། ང་ཚོས་སྐབས་རེ་ཕལ་ཆེར་བཅོམ་ལྡན་འདས་དང་། ན་ལནྡྲའི་པཎ་གྲུབ་བཅུ་བདུན་དེ་ཚོ་གྲས་ཀྱིས་བཞེས་མ་མྱོང་བའི་ཁ་ལག་གསར་པ་དེ་འདྲ་ང་ཚོས་བཟས་ཡོད། དེ་རིང་ཁོང་རང་ཚོའི་བཞེས་རྒྱུའི་ཁ་ལག་དེ་བཟའ་རྒྱུ་བྱུང་བར་སྐལ་པ་བཟང་པོ་ཡིན། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཡོད།།