༢༠༡༠ ཕྱི་ཟླ་ ༦ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མ་ལ་ཡ་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་ཇམ་མུ་ཀ་ཤི་མིར་མངའ་སྡེའི་ནང་ཡོད་པའི་དཔལ་དར་ཁུལ་གྱི་གུ་ལབ་གར་གྲོང་ཚོའི་ནང་རྟེན་གཞི་བྱས་པའི་ཧི་མ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭ་བཙུགས་ཏེ་ལོ་ ༡༥ ཧྲིལ་པོ་འཁོར་བའི་མཛད་སྒོར་བཅར་བའི་ཧི་མ་ལ་ཡའི་ནང་པའི་མི་མང་ཚོར་བཀའ་སློབ་སྩལ་དོན། མངའ་སྡེའི་བློན་ཆེན་མཆོག་དང་། བློན་ཆེན་གཞན་ཁག གྲོས་ཚོགས་ཀྱི་འཐུས་མི་ཁག ས་གནས་ཀྱི་དབུ་ཁྲིད་རྣམ་པ། ས་གནས་མི་མང་རྣམ་པ་ཚང་མར་ཞུ་རྒྱུར།
དེ་རིང་འདིར་ངོས་རང་དངོས་སུ་བཅར་ཐུབ་པར་ཧ་ཅང་དགའ་བོ་བྱུང་། དེ་བཞིན་འདིར་གྲ་སྒྲིག་གནང་མཁན་ཚོས་ལོ་དང་ལོ་བསྟུན་ནས་འདིར་ཡོང་རོགས་བྱེད་ཅེས་རེ་འདུན་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་མངའ་སྡེའི་གཞུང་ནས་ཆེད་མངགས་གྲ་སྒྲིག་གནང་སྟེ་རྡ་ས་ནས་འདིར་གནམ་གྲུའི་ནང་བདེ་བོའི་ཐོག་ཡོང་ཐུབ་པ་རེད། དམིགས་བསལ་གྱི་གྲ་སྒྲིག་གནང་བ་དེར་དགའ་བོ་ཞེ་དྲག་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་སང་ཁ་ཉིན་རྡ་སར་གནམ་གཤིས་ཚབ་ཚུབ་ཞེ་དྲག་སྟོན་སོང་། དེ་འདྲ་སོང་ཙང་ག་རེ་བྱས་ཡོང་དྲན་བྱུང་། འོན་ཀྱང་དེ་རིང་གནམ་གཤིས་ཡག་པོ་བསྟན་པར་བརྟེན་ནམ་མཁའ་ལའང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སྤྱིར་རྒྱ་གར་འཕགས་པའི་ཡུལ་དེ་འཛམ་བུ་གླིང་འདིའི་སྒང་གི་ལོ་རྒྱུས་རྙིང་ཤོས་ཡིན་པའི་གྲལ་ཞིག་ཆགས་ཡོད། གི་རི་སིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Greece Civilization) དང་རྒྱ་གར་གྱི་དཔལ་ཡོན་གཅིག རྒྱ་ནག་གི་དཔལ་ཡོན་གཅིག་བཅས་གནའ་དུས་ཀྱི་དཔལ་ཡོན་ཁག་གསུམ་གྱི་བཟོ་འདྲ་འདུག དེའི་ནང་ནས་ཕལ་ཆེར་མིའི་བསམ་བློའི་ཐོག་ནས་ལྟ་གྲུབ་ཀྱི་རྣམ་གཞག་འདྲ་མིན་ཤོད་རྒྱུ་ནི་ཕལ་ཆེར་རྒྱ་གར་གྱི་དཔལ་ཡོན་ཕྱུག་ཤོས་ཡིན་པ་འདྲ། རྒྱ་གར་འཕགས་པའི་ཡུལ་དེ་རྒྱ་གར་རང་གི་ནང་ནས་སྐྱེས་པའི་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་དེའི་ཐོག་རྒྱ་གར་གྱི་ཕྱི་ལོག་ནས་ལྟ་གྲུབ་དང་ཆོས་ལུགས་མི་འདྲ་བ་བྱུང་བ་དེ་དག་རྒྱ་གར་ནང་གནས་ཡོད། གང་ལྟར་རྒྱ་གར་ནི་དེང་སང་ཆ་བཞག་ན་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་ཡོངས་རྫོགས་ཡོད་ས་ཆགས་ཡོད། རྒྱ་གར་ནང་ཆོས་ལུགས་མི་འདྲ་བ་དེ་དག་ལོ་ངོ་སྟོང་ཕྲག་གཉིས་གསུམ་གྱི་རིང་ལ་རྒྱ་གར་ནང་ཐུགས་མཐུན་ཁྲིམས་གཙང་བྱས་ནས་བསྡད་པ་རེད། ཉུང་ཤས་ཀྱི་རྙོག་ཕྲ་བཟོ་བ་ལ་སོགས་པ་ནི་གང་དུ་ཡང་ཡོང་སྲིད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ཆོས་ལུགས་འདྲ་མིན་ཐུགས་མཐུན་ཁྲིམས་གཙང་བྱས་ནས་ལུང་པ་འདིེའི་ནང་གནས་ཡོད། དེ་འདྲ་ཡིན་དུས་འཛམ་གླིང་འདིའི་ནང་དེང་སང་སྐབས་རེ་ཆོས་ལུགས་འདྲ་མིན་རྒྱུ་མཚན་དུ་བྱས་ཏེ་མི་མཐུན་པ་ཡོང་གི་ཡོད་པ་རེད། དེ་འདྲའི་དུས་ཚོད་སྐབས་སུ་རྒྱ་གར་ལ་ཆོས་བརྒྱུད་རིས་མེད་དེ་དག་ལོ་སྟོང་ཕྲག་རིང་མཉམ་དུ་བསྡད་པ་ནི་འཛམ་གླིང་འདིའི་སྟེང་མིག་དཔེ་འོས་པ་ཞིག་ཡིན།
དེ་དང་ཆབས་ཅིག་རྒྱ་གར་ལུང་པའི་ནང་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་ལ་འཚེ་བ་མེད་པའི་ལྟ་གྲུབ་ Ahimsa རྒྱ་གར་དུ་ལག་ལེན་བསྟར་ཡོད། རྒྱ་གར་རང་བཙན་འཐབ་རྩོད་སྐབས་སུའང་འཚེ་བ་མེད་པའི་ལྟ་བ་དེ་དང་འབྲེལ་ནས་རང་བཙན་རྩོད་ལེན་བྱས་ནས་རྒྱལ་ཁ་ལོན་པ་རེད། ངོས་རང་བཙལ་བྱོལ་བ་ཆགས་ནས་ལོ་ ༥༡ ཕྱིན་པ་རེད། དེའི་རིང་ལ་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་དང་། འཚེ་བ་མེད་པའི་ལྟ་སྤྱོད་གཉིས་པོ་དེ་དངོས་གནས་འཛམ་གླིང་ལ་དགོས་རྒྱུ་ཞིག་ཡིན་པ་ངོས་འཛིན་གསལ་པོར་ཐུབ་བྱུང་། དེ་རིང་སང་ངོས་འཛམ་གླིང་གང་དུ་ཕྱིན་ཡང་ཆོས་ལུགས་མཐུན་སྒྲིལ་དང་འཚེ་བ་མེད་པའི་ལྟ་སྤྱོད་ཟེར་རྒྱུ་དེ་ཤོད་ཀྱི་ཡོད།
ངོས་རང་ཆ་བཞག་པ་ཡིན་ན་རྒྱ་གར་གྱི་ Messenger of Ancient Indian Thought ཟེར་གྱི་ཡོད། བྱས་ཙང་དེ་འདྲ་ཡིན་དུས་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་སྤྱོད་དེ་སྔར་ཡིན་ན་འཛམ་གླིང་གཞན་པས་དོ་སྣང་དེ་ཙམ་བྱེད་ཀྱི་མེད། བར་སྐབས་ནས་དཔེར་ན་ལྷོ་ཨཕ་རི་ཀར་ South Africa ཆ་བཞག་ན་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་སྤྱོད་དེའི་ཐོག་ནས་མང་གཙོའི་རྒྱ་ཁ་ལོན་པ་རེད།
དེ་དང་དེ་འདྲ་བའི་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་དེ་འདྲས་དེང་སང་འཚེ་བ་མེད་པ་ཞེས་པ་དེ་ཚིག་ནང་ཐོན་ཡོང་གི་འདུག དེ་འདྲ་ཡིན་དུས་འཛམ་གླིང་འདིའི་ནང་དོ་སྣང་སླེབས་རྒྱུ་ཆགས་ཡོད། དུས་རབས་ཉི་ཤུ་པ་ནི་མིའི་ལོ་རྒྱུས་ནང་གལ་ཆེ་ཤོས་ཀྱི་དུས་རབས་ཤིག་ཆགས་ཡོད་པ་རེད། དུས་རབས་དེའིི་ནང་ཚན་རིག་གི་ཐོག་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། འཕྲུལ་ཆས་ཀྱང་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། འོན་ཀྱང་དེ་དང་ཆབས་ཅིག་དུས་རབས་ ༢༠ དེ་དམག་འཁྲུག་དང་། འཚེ་བའི་དུས་རབས་ཤིག་ཀྱང་ཆགས་ཡོད།
ལོ་རྒྱུས་སྨྲ་བ་དེ་ཚོས་བརྗོད་དོན་ལྟར་ན་འཁྲུག་འཛིང་གི་ཐོག་ནས་མི་བསད་པའི་གྲངས་ས་ཡ་ ༢༠༠ བརྒལ་བ་ཤོད་ཀྱི་འདུག དུས་རབས་ ༢༡ པར་ང་ཚོས་འབད་བརྩོན་བྱེད་རྒྱུ་དེ་གང་རེད་ཟེར་ན་དམག་འཁྲུག་མེད་པའི་དུས་རབས་ཤིིག་ང་ཚོས་བཟོ་དགོས་ཀྱི་རེད། དམག་འཁྲུག་མེད་པ་བཟོ་རྒྱུ་དེ་འཛམ་གླིང་ནང་རྙོག་ཕྲ་ཁྱོ་ནས་མེད་པ་ཡོང་སྲིད་ཀྱི་མ་རེད། རྙོག་ཕྲ་བསྡད་ཀྱི་རེད། ག་རེ་བྱེད་དགོས་རེད་ཅེས་བརྗོད་ན་རྙོག་ཕྲ་སེལ་ཐབས་དེ་འཚེ་བ་མེད་པའི་ལམ་ལ་བསྟེན་ནས་རྙོག་ཕྲ་སེལ་ཐབས་བྱ་དགོས། དེ་འདྲ་ཡིན་དུས་དུས་རབས་ ༢༡ དེ་རྒྱ་གར་གྱི་ལོ་སྟོང་ཕྲག་རིང་གི་འཚེ་བ་མེད་པའི་ལྟ་སྤྱོད་ཅེས་པ་དེ་ཞེ་དྲག་གི་གལ་ཆེན་པོ་ཆགས་ཡོད། དེ་དང་ཆབས་ཅིག་རྒྱ་གར་ལ་ལོ་སྟོང་ཕྲག་ནས་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་དེ་འཛམ་གླིང་འདིའི་ཐོག་སྤེལ་དགོས་པ་ཞིག་རེད་འདུག ངོས་ཀྱིས་ནམ་རྒྱུན་རྩེད་མོ་དང་སྦྲགས་རྒྱ་གར་གྱི་གྲོགས་པོ་ཚོར་འཚེ་བ་མེད་པའི་ལྟ་སྤྱོད་དེ་རྒྱ་གར་ནས་འཛམ་གླིང་ཕྱིར་གཏོང་ Export བྱས་དགོས་པ་རེད།
དེ་ཕྱི་གཏོང་བྱས་ཏེ་རྒྱ་གར་ནང་ཉུང་དུ་ཕྱིན་པ་ཡིན་ན་འགྲིག་གི་མེད། གང་ཐུབ་ཐུབ་ཕྱིར་གཏོང་བྱས་པ་དང་ཆབས་ཅིག་རྒྱ་གར་རང་གི་ནང་དུའང་དེ་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་དེ་འཛམ་གླིང་ནང་མིག་དཔེ་སྟོན་དགོས་རྒྱུ་ཞིག་ཡིན་དུས་མི་ལ་ཕར་མིག་དཔེ་སྟོན་པའི་སྔོན་དུ་རང་ལ་ཆོས་ལུགས་མཐུན་སྒྲིལ་ལོ་སྟོང་ཕྲག་ནས་ཡོད་པ་དེ་གལ་ཆེན་པོར་ངོས་འཛིན་བྱས་ཏེ་བདག་གཅེས་བྱེད་རྒྱུ་དང་། ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ས་གནས་འདིར་ཆ་བཞག་ན་ཁ་ཆེ་དང་། དེ་བཞིན་ཧིན་དྷུ། སིཁ། ནང་པ་བཅས་ཁྱེད་རང་ཚོ་ཆོས་ལུགས་གཙོ་ཆེ་བ་བཞི་ཙམ་ཚང་ཡོད།
ཁྱེད་རང་ཚོ་མཐུན་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱས་ཏེ་དེ་སོ་སོའི་གཅེས་ནོར་ཡིན་བསམ་པའི་ངོས་འཛིན་བྱས་ནས་བདག་གཅེས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྙོག་ཕྲ་བཟོ་མཁན་ཉུང་ཤས་ག་དུས་ཡིན་ནའང་ཡོང་གི་རེད། འདས་པའི་ལོ་སྟོང་ཕྲག་རིང་ལ་རྙོག་ཕྲ་བཟོ་མཁན་བྱུང་ཡོད་པ་རེད། མ་འོངས་པར་ཡིན་ནའང་རྙོག་ཕྲ་བཟོ་མཁན་ཡོང་གི་རེད། ཡིན་ནའང་རྙོག་ཕྲ་བཟོ་མཁན་ཉུང་ཤས་ཅིག་མ་གཏོགས་མངཚོགས་ཀྱིས་ཆོས་ལུགས་མཐུན་སྒྲིལ་དམ་གཟབ་ཡག་པོ་བྱས་ནས་བསྡད་པ་ཡིན་ན་རྙོག་ཕྲ་ཞེ་དྲག་ཡོང་གི་མ་རེད། རྒྱ་གར་འཕགས་པའི་ཡུལ་དང་བོད་གཉིས་ཀྱི་འབྲེལ་བ་དེ་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ནང་བཞིན་རེད། ངོས་ཀྱིས་རྟག་པར་འདི་ལྟར་བརྗོད་ཀྱི་ཡོད།ང་ཚོ་བོད་པ་ཚོ་དུས་རབས་བདུན་པ་བརྒྱད་པ་ནས་ནང་ཆོས་བོད་ལ་དར། ང་ཚོ་བོད་པ་ཚོས་ནང་ཆོས་ཀྱི་ནང་ནས་རྒྱ་གར་ནཱ་ལེ་ཌའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་པའི་རྗེས། འདས་པའི་ལོ་སྟོང་ཕྲག་རིང་ལ་དཔལ་ན་ལེ་ཌའི་ཆོས་བརྒྱུད་ཆ་ཚང་བ་ཞིག་ང་ཚོས་བདག་པོ་བརྒྱབ་སྟེ་བསྡད་པ་རེད། དེ་འདྲ་ཡིན་དུས་ངོས་ཀྱིས་རྒྱ་གར་བ་ཚོར་རྩེད་མོ་དང་སྦྲགས་འདི་ལྟར་ཤོད་ཀྱི་ཡོད། ང་ཚོ་བོད་མི་ཚོ་རྒྱ་གར་གྱི་དགེ་ཕྲུག་ཙམ་ཡིན་པ་མ་ཟད། བློ་གཏད་ཐུབ་པའི་དགེ་ཕྲུག་གཅིག་ཡིན། གང་ལྟར་བློ་གཏད་ཐུབ་པའི་དགེ་ཕྲུག་རེད། དེ་བཞིན་བར་སྐབས་རྒྱ་གར་གྱི་ཨོ་རི་ས་མངའ་སྡེ་དང་། གུ་ཇུ་ར་ཏི་མངའ་སྡེ། བི་ཧཱར་མངའ་སྡེ་དེ་ཚོའི་ནང་གཞི་ནས་ནང་ཆོས་ཀྱི་བསྟན་གཞི་གསར་པ་བཟོས་ཏེ་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག ས་ཆ་དེ་ཚོར་ངོས་རང་སྐད་བཏང་སྟེ་འགྲོ་སྐབས་ནང་ཆོས་དེ་ལྷ་ཁང་གཅིག་པུའི་སྐད་ཆ་མ་རེད། ནང་ཆོས་ཟེར་བ་ནི་དཔེ་ཆ་པུ་ཏི་མང་པོ་སློབ་སྦྱོང་བྱེད་དགོས་པ་ཞིག་རེད། ང་ཚོ་བོད་ཀྱི་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་སྟེ་ཡོད་པ་རེད། ད་ཆ་ཁྱེད་རང་ཚོར་ང་ཚོས་ངོས་ནས་ག་རེ་ཞབས་འདེགས་སྒྲུབ་དགོས་ཡོད་ན། དེ་ང་ཚོས་ཞབས་འདེགས་སྒྲུབ་རྒྱུའི་ལས་འགན་རེད་ཅེས་བརྗོད་རྒྱུ་བྱུང་། རྒྱ་གར་གྱི་ཨ་རུ་ནཱ་ཅལ་ནས་ལ་དྭགས་བར་ནང་ཆོས་ཡོད་པ་དེ་བོད་ནས་ཚུར་ཡོང་བ་ཞིག་རེད།
ཁོང་རང་ཚོའི་ལྷ་ཁང་ནང་དུའང་བཀའ་འགྱུར་དང་བསྟན་འགྱུར་འདུག དེ་འདྲ་ཡིན་དུས་བོད་ནས་ཡོངབའི་ནང་ཆོས་དཔལ་ན་ལེ་ཌའི་ཆོས་བརྒྱུད་དྲི་མ་མེད་པ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་འདི་བསྟན་རྒྱུན་ཆགས་ཡོད། དེ་འདྲ་ཡིན་དུས་ཁྱེད་རང་ཚོའི་ཕྲུ་གུ་ཚོས་གང་བློ་མ་བཏོན་སོང་། གང་བློ་མ་བཏོན་དགོས་པའི་དགོས་པ་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་རྒྱུའི་དོན་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ནས་མི་བྱེད་དགུ་བྱེད་བྱེད་རྒྱུ་དང་། གཡོ་རྒྱུ་ཚ་བོ་བྱེད་རྒྱུ། སྤྲེད་ལད་ཚ་བོ་བྱེད་རྒྱུའི་སྐད་ཆ་མ་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་ནས་ཕན་པའི་རང་བཞིན་གྱི་རང་གཞན་གྱི་དོན་སྒྲུབ་ཐུབ་རྒྱུའི་བསམ་བློ་གཏོང་དགོས་པ་རེད།ཁྱེད་རང་ཚོ་ནང་པ་ཡིན་མཁན་ཚོས་ནང་ཆོས་སློབ་གཉེར་བྱེད་རྒྱུར་དོ་སྣང་ཤུགས་ཆེན་པོ་བྱེད་རོགས་བྱེད་ཅེས་ཞུ་རྒྱུ་ཡིན། འདོན་པ་བཏོན་པ་དང་ཞབས་བརྟེན་སྒྲུབ་རྒྱུ་སོགས་གལ་ཆེན་པོ་མ་རེད། སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། བཀའ་འགྱུར་བསྟན་འགྱུར་གྱི་པུ་ཏི་དེ་ཚོ་ཀློག་དེབ་ཡིན་བསམ་པའི་འདུ་ཤེས་འཇོག་དགོས་རེད་མ་གཏོགས་ཕྱག་མཆོད་འབུལ་བྱེད་ས་ཡིན་བསམ་པའི་འདུ་ཤེས་འཇོག་རྒྱུ་མེད། ཆོས་བརྒྱུད་གང་ཡིན་ནའང་ཆོས་ཁས་བླང་མ་བླང་སོ་སོའི་འདོད་པ་རེད། ཆོས་དེ་ཁས་བླང་ཕྱིན་ཆད་ལ་སོ་སོའི་ཆོས་དེར་དོ་སྣང་ཆེན་པོ་བྱེད་དགོས། ཆོས་དེ་ཉམས་ལེན་བྱེད་རྒྱུ་ཡིན་བསམ་པའི་འདུ་ཤེས་ཁྱེར་ཏེ་ཆོས་ནས་བཤད་པའི་བསླབ་བྱ་དེ་སོ་སོའི་ཉིན་རེའི་འཚོ་བའི་ནང་ཁྱེར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བྱུང་ན་ཆོས་བརྒྱུད་གཙོ་ཆེ་རིགས་ཚང་མའི་ནང་ལྟ་གྲུབ་མི་འདྲ་བ་ཡོད་པ་རེད། ཡིན་ནའང་ཚང་མས་བྱམས་པ་དང་། བརྩེ་བ། ཆོག་ཤེས་སོགས་ཚང་མས་གསུངས་ཀྱི་ཡོད། དེ་འདྲ་ཡིན་དུས་ལྟ་གྲུབ་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་ཡོད་དང་མེད་ཟེར་རྒྱུ་ལ་སོགས་པའི་རྙོག་ཕྲ་མང་པོ་ཡོད། དེ་གནས་ཚུལ་ཁ་ཁ་རེད། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་དུ་ཆ་བཞག་ནའང་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད། ལྟ་གྲུབ་མི་འདྲ་བ་དེ་དག་གི་དགོས་དོན་གང་རེད་ཟེར་ན་མིའི་སེམས་དུལ་བ་ཞིག་དགོས་ཀྱི་རེད། སེམས་གང་འདྲ་དུལ་བ་བྱེད་དགོས་རེད་ཅེས་ལབ་ན་ཞེ་སྡང་དང་། ང་རྒྱལ། ཕྲག་མདོག་བཅས་ཉུང་དུ་བཏང་སྟེ་ཕན་པའི་བསམ་པ་བྱམས་པ་དང་། བརྩེ་བ། བཟོད་པ་ཟེར་བ་དེ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་སེམས་འདུལ་ཐབས་བྱེད་རྒྱུ་དེ་རེད། དེ་ཆོས་ལུགས་ཚང་མའི་ནང་གཅིག་པ་རེད། ངོས་རང་ལ་ཆ་བཞག་ནའང་ངོས་རང་ནང་པ་རེད། ནང་པའི་ཆོས་སློབ་སྦྱོང་བྱས་ནས་ནང་པའི་ཆོས་ལ་ཡིད་ཆེས་གཙང་མ་ཡོད། ཡིན་ནའང་དེ་དང་ཆབས་ཅིག་ཧིན་དྷུ། ཁ་ཆེ། ཡི་ཤུ། སིཁ།གཅེར་བུ་བ་ སོགས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དེ་དག་གི་མི་ས་ཡ་མང་པོར་ཕན་ཐོགས་ཡོང་གི་ཡོད་པ་རེད། ཞེ་དྲག་གི་རླབས་ཆེན་རེད། ཕན་ཐོགས་ཧ་ཅང་ཡོད་རེད། དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་གུས་པ་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་ཚང་མ་ཆོས་ལུགས་ཕན་ཚུན་གུས་ཞབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བྱེད་རོགས་བྱེད་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། ལུང་པ་ཡར་རྒྱས་འགྲོ་བ་ལ་དེང་དུས་ཀྱི་ཤེས་ཡོན་དགོས། དེ་འདྲའི་ཤེས་ཡོན་ཐོག་ཁྱེད་རང་ཚོས་དོ་སྣང་བྱས་པ་དེ་ཡག་པོ་ཞེ་དྲག་རེད། དེ་གལ་ཆེན་པོར་རྩིས་ནས་སོ་སོའི་ཆོས་དང་རིག་གཞུང་དེ་དག་ཡོད་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་བྱུང་ན་བྱ་ཤོག་པ་གཉིས་ལྡན་བཞིན་ཆགས་ཡོད། ཁྱེད་རང་ཚོ་དེང་དུས་ཀྱི་ཤེས་ཡོན་ཐོག་དམིགས་བསལ་གྱི་དོ་སྣང་བྱེད་རོགས་བྱེད་ཞུ་རྒྱུ་ཡིན། ལུང་པ་འདི་མཛེས་པོ་ཞེ་དྲག་འདུག སྣོད་མཛེས་པོ་འདིའི་ནང་ཡོད་པའི་མི་ཚོའི་ལུས་མཛེས་པོ་གཅིག་པུ་མ་ཡིན་པར་སེམས་མཛེས་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཁྱེད་རང་ཚོའི་སེམས་ནང་བཞག་རོགས་བྱེད། མཐའ་དོན་ངོས་ཀྱིས་མངའ་སྡེའི་བློན་ཆེན་མཆོག་དངོས་སུ་འདིར་ཕེབས་པར་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་གཉིས་དབར་དམིགས་བསལ་འབྲེལ་བ་ཞིག་ཡོད་ཅེས་བརྗོད་ཆོག གང་ཡིན་ཟེར་ན་ཁྱེད་ཀྱི་པོ་པོ་སྐུ་ཞབས་ཤེག་ཨབ་ཌུ་ལ་ (Sheikh Abdullha) མཆོག་དང་ངོས་གཉིས་ཕན་ཚུན་ཧ་ཅང་ངོ་ཤེས་ཡག་པོ་ཡོད། ཁོང་གི་འཐབ་རྩོད་སྐབས་ངོས་ཀྱིས་གདུང་སེམས་མཉམ་སྐྱེ་ཞུས་ཡོད། དེ་བཞིན་ཁྱེད་ཀྱི་ཡབ་སྐུ་ཞབས་ཕ་རུག་ཨབ་ཌུ་ལ་མཆོག་དང་ངོས་གཉིས་སེམས་ཐག་ཧ་ཅང་ཉེས་པོ་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ།།