༢༠༡༠ ཕྱི་ཟླ་ ༦ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥།༣༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཡང་སྟེང་ལྷ་མོ་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་ཆོག་གྲྭ་བཞི་ནས་བསྟན་སྲུང་དམར་ནག་གཉིས་ཀྱི་བསྐང་འཕྲིན་ཟབ་གསོལ་རྒྱས་པ་གསུང་བསྐུལ་གནང་རྗེས་ཆུ་ཚོད་ ༧ པའི་ཐོག་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་རྡ་ས་མཉམ་ལས་བཟོ་གྲྭས་གོ་སྒྲིག་འོག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་རྣམ་གྲྭ་དགེ་འདུན་བཞི་གྲས་རྒྱགས་བརྔན་ལྷ་བསངས་དང་། རྡ་ས་རང་བདེན་ཚོགས་ཆུང་གིས་གོ་སྒྲིག་འོག་གནས་གྲྭ་དགེ་འདུན་བརྒྱད་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་པའི་བསངས་མཆོད་ཟབ་རྒྱས་འབུལ་རྒྱུ་དང་། གཞུང་ཞབས་ལས་བྱེད་ཆེ་ཕྲ་དང་། རྡ་ས་ཁུལ་གནས་སེར་སྐྱ་མང་ཚོགས་ཡོངས་ནས་རང་ལུགས་ན་བཟའ་དང་བ་འདྲེན་པ་གྱོན་ཏེ་བསངས་མཆོད་གསུང་འདོན་གནང་རྒྱུ། དེ་བཞིན་མཛད་སྒོ་དངོས་གཞི་དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གཙུག་ལག་ཁང་གི་གསུང་རྭའི་དབུ་གཡབ་ཏུ་ཚུགས་རྒྱུ་ཡིན་ཞིང་། གཞུང་ཞབས་ཆེ་ཕྲ་དང་། གཞན་ཡང་ཕྱི་ནང་སྐུ་མགྲོན་སོགས་འཆར་འཕར་གཞུང་འབྲེལ་མཛད་སྒོའི་ལམ་སྲོལ་ལྟར་བཞུགས་གྲལ་འཁོད་རྗེས་བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་བཀའ་བློན་ཁྲི་པ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་གུས་འདུད་ཞུ་རྗེས་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ། དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ། ཡབ་གཞིས་སྐུ་འཁོར་རྣམ་པ།
སྤྱི་འཐུས་ཚོགས་གཞོན། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཡན་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག་བོད་གཞུང་ཟློས་གར་བས་དྲུག་ཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་འབུལ་རྗེས་གསོལ་ཇ་བཞེས་འབྲས་འདེགས་འབུལ་ཞུ་རྒྱུ། དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་དམིགས་བསལ་བསྟོད་གླུ་གསར་རྩོམ་གནང་བའི་མཉམ་གཞས་རོལ་དབྱངས་དང་བཅས་གཟིགས་འབུལ་གྱི་རྗེས་གཞུང་ཞབས་ཁོངས་ནས་ཞབས་ལོ་ ༢༥ འཁོར་བའི་གཞུང་ཞབས་གཉིས་ལ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ལེགས་སྐྱེས་འབུལ་རྒྱུར་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ནས་ལོ་རྒྱུས་སྙན་སྒྲོན་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལེགས་སྐྱེས་གནང་རྒྱུ། ཕྱོགས་མཚུངས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་མཆོག་ནས་ལས་དོན་གཟེངས་ཐོན་གཞུང་ཞབས་གཉིས་ཀྱི་ངོ་སྤྲོད་སྙིང་བསྡུས་སྙན་སྒྲོན་དང་སྦྲགས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་གཟེངས་རྟགས་སྩལ་རྒྱུ། ཨམརཨུཇལ་ཞེས་པའི་ཧིྡིའི་གསར་ཤོག་ལས་ཁང་ནས་གོ་སྒྲིག་ཐོག་རྒྱ་གར་ས་གནས་སློབ་ཕྲུག་ཁག་གཅིག་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་ཞུའི་ཤིས་ཤོག་ཕུལ་བ་ཁག་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོར་འབུལ་བརྒྱུད་ཞུ་རྒྱུ། Amar Ujala Publication Ltd. will present birthday cards sent by local Indians students to His Holiness the Dalai Lama through Kalon Tripa Prof. Samdong Rinpoche དེ་བཞིན་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་ཀྱིས་ལག་བསྟར་འགོ་འཛུགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སོང་དོན་བཞིན་ཚད་མཐོའི་རྟོག་ཞིབ་ཚོགས་ཆུང་ཟུར་འཛུགས་ཐོག་བོད་གཞུང་དབུས་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དེ་བཞིན་གོང་གསལ་སྒྲིག་དོན་ལྟར་དེབ་སྐྱེལ་གནང་གཏན་འཁེལ་ཡོད་པས་དེབ་སྐྱེལ་ཕྱག་འཁྱེར་དང་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ནས་ཕྱི་ལོ་ ༢༠༠༨ ལོར་བོད་གཞིས་ལུས་མི་མང་གི་ཞི་རྒོལ་ཆེན་མོའི་དངོས་བྱུང་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པའི་ཕྱག་དེབ་རྩོམ་སྒྲིག་དཔར་འགྲེམས་གནང་ཡོད་པ་དེ་ད་ཆ་དབྱིན་ཡིག་ཐོག་ཕབ་བསྒྱུར་གྱིས་དཔར་བསྐྲུན་ལེགས་གྲུབ་བྱུང་ཡོད་པ། དེ་བཞིན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་ཚྭ་ར་མའི་ཐབས་མཁས་ཀྱིས་རང་ཉིད་ཀྱིས་རྩོམ་བྲིས་གནང་བའི་སྙན་རྩོམ་དེབ་ཕྲེང་དང་པོ་ ༼རྣལ་འབྱོར་པ་དང་འཁོར་བ་༽ ཞེས་པ་བཅས་དེབ་ཁག་གསུམ་བཀའ་ཁྲི་མཆོག་ནས་དབུ་འབྱེད་གནང་རྒྱུ།
དེ་ནས་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་ཤག་གི་གསུང་བཤད་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་གནང་རྒྱུ། དེ་རྗེས་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཡོད་པའི་ཚོགས་སྡེ་དང་། སློབ་གྲྭ། ཡུལ་མི་བཅས་ནས་དགའ་སྟོན་རྐང་བྲོ་གླུ་གཞས་འགོ་འཛུགས་གནང་རྒྱུར་རྡ་ས་ས་གནས་འགོ་འཛིན་ནས་གཞས་སྣ་ལེའུ་ཁག་སྙན་སྒྲོན་གནང་རྒྱུ། སྔ་དྲོའི་མཛད་སྒོ་དངོས་གཞི་ཆུ་ཚོད་ ༡༢ ཐོག་གྲོལ་མཚམས་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ནས་རྣམ་གྲྭའི་དཔེ་མཛོད་ཁང་ཉེ་འཁྲིས་སུ་གངས་ལྗོངས་བོད་ཀྱི་ལྷན་དྲུབ་དང་། འཚེམ་དྲུབ་ཐང་ཀའི་ཕྱག་རྒྱུན་གྱི་འགྲེམས་སྟོན་དབུ་འབྱེད་གནང་རྒྱུ་ཡིན་བཅས་སོ།