༢༠༡༠ ཟླ་ ༥ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་བོད་མི་མང་པོའི་ཚེ་སྲོག་ཤོར་བར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཙོ་སྐྱོང་བ་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་ཌན་བྷེ་ (Michael Danby) མཆོག་གིས་ཚོགས་པའི་མཚན་ཐོག་ནས་གདུང་སེམས་མཉམ་སྐྱེའི་འཕྲིན་ཡིག་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་ནང་འཁོད་དོན།
ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་ཚང་མའི་ཚབ་ཞུས་ནས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་བོད་མི་མང་པོ་རྐྱེན་འདས་སུ་གྱུར་བ་རྣམས་ལ་སྙིང་ཐག་པ་ནས་སེམས་གསོ་དང་། གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། གོད་ཆག་འོག་བོད་མི་ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་ཚོ་དང་། བོད་མི་རྨས་སྐྱོན་ཕོག་པ། སྡོད་ཁང་རྩ་ཐོར་ཕྱིན་པ་རྣམས་ལའང་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
ཨོ་སི་ཊོ་ལི་ཡ་ནི་བོད་པའི་མི་འབོར་འཕེལ་རྒྱས་འགྲོ་བཞིན་པའི་ཁང་ཁྱིམ་ཞིག་ཆགས་ཡོད། ང་དང་ངའི་ལས་རོགས་ཚོར་འདས་པའི་ལོ་མང་རིང་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བོད་མི་མང་པོ་ཞིག་དང་ཐུག་རྒྱུའི་གོ་སྐབས་ཐོབ་བྱུང་། བོད་མི་དེ་ཚོ་ནི་ཨོ་སི་ཊོ་ལི་ཡའི་ཁྱིམ་ཚང་ནང་དགའ་མོས་བྱེད་རྒྱུའི་ཆ་ཤས་ཤིག་ཆགས་ཡོད། ཨོ་སི་ཊོ་ལི་ཡའི་ནང་ཡོད་བོད་མི་འགའ་ཤས་ཀྱི་གྲོགས་སྤན་ཚོ་སྐྱེ་རྒུ་མདོའི་ས་ཡོམ་འོག་ཕམ་ཉེས་བྱུང་ཡོད་པ་མ་ཟད། འདི་ག་སི་ཌི་ནིའི་གྲོང་ཁྱེར་ནང་སྐྱེ་རྒུ་ནང་པའི་ཆོས་ཚོགས་དང་། གྲོང་ཁྱེར་མེལ་བྷོན་ནང་རྟེན་གཞི་བྱས་པའི་སྐྱེ་རྒུ་ཨེ་བམ་ནང་པའི་ཆོས་ཚོགས་གཉིས་པོ་དང་ས་ཡོམ་འོག་ཐོར་ཞིག་ཕྱིན་པའི་སྐྱེ་རྒུ་མདོའི་དགོན་པ་ཁག་གཅིག་དང་ཐད་ཀར་འབྲེལ་བ་ཡོད་པའང་ང་ཚོས་ཤེས་རྟོགས་བྱུང་། ང་ཚོས་ཨོ་སི་ཊོ་ལི་ཡའི་བོད་རིགས་ཚོགས་པ་དང་། ནང་པའི་ཆོས་ཚོགས་ཁག་ལ་སྐུ་ཉིད་ཀྱི་སྐུ་ཚབ་སྐུ་ཞབས་བསོད་ནམས་དག་པོ་བརྒྱུད་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུས་ཡོད།སྐྱེ་རྒུ་མདོའི་མི་མང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐྱེ་རྒུ་མདོར་ཆིབས་སྒྱུར་བསྐྱངས་སྟེ་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་དང་། རྗེས་ཤུལ་མི་མང་ཚོར་སེམས་གསོ་གནང་རྒྱུའི་ཆོག་མཆན་ཕུལ་དགོས་པའི་འབོད་བསྐུལ་ཞུ་ཡིག་གཅིག་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་སྲིད་བློན་ཝན་ཅ་པའོ་གཉིས་ལ་སྤྲད་པ་དེ་ཡང་ང་ཚོས་བཀླགས་པ་ཡིན། སྐུ་ཉིད་ཀྱིས་ཟླ་བ་ ༤ ཚེས་ ༡༧ ཉིན་སྐྱེ་རྒུ་མདོར་ཆིབས་སྒྱུར་བསྐྱང་རྒྱུར་ཐུགས་འདུན་ཡོད་སྐོར་གྱི་གསུང་འཕྲིན་སྩལ་བ་དེ་ཡང་ང་ཚོས་བཀླགས་པ་ཡིན། ང་ཚོས་སྐུ་ཉིད་ཀྱི་དོན་དམ་གྱི་འབོད་སྐུལ་དེར་རྒྱབ་སྐྱོར་ཤུགས་ཆེ་ཞུ་རྒྱུའི་འདུན་པ་འཆང་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་མི་མང་སྟོང་ཕྲག་གཅིག་དང་ལྷན་ང་ཚོས་ས་རྟགས་བཀོད་པའི་སྙན་ཞུ་ཞིག་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་ལ་ཕུལ་ནས། སྲིད་བློན་མཆོག་གིས་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོ་དང་ངོ་ཐུག་གིས་གནད་དོན་དེའི་སྐོར་བཀའ་མོལ་ཞུ་དགོས་པ་དང་། སྐུ་ཉིད་སྐྱེ་རྒུ་མདོའི་ནང་རང་གི་མི་མང་ཐུག་འཕྲད་ཡོང་རྒྱུར་སྲིད་བློན་མཆོག་ནས་ཐབས་ཤེས་གང་ཡོད་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།
སླར་ཡང་ང་ཚོས་སྐྱེ་རྒུ་མདོའི་མི་མང་ཚོར་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་དང་། གོད་ཆག་འོག་ཉམས་གུད་ཕྱིན་པ་རྣམས་ཀྱི་གནས་སྟངས་སྐྱར་གསོ་ཡོང་རྒྱུ་དང་། གཉན་འཕྲང་གི་དུས་སྐབས་འདིའི་འོག་ནས་ང་ཚོ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་ས་བརྟན་དུ་འགྲོ་རྒྱུ་དང་། འབྱུང་འགྱུར་བོད་ནང་ཞི་བདེ་ཡོང་རྒྱུར་ཡིད་ཆེས་ཞུ་བཞིན་ཡོད།
མེ་ཁལ་ཌན་བྷེ
ཨོ་སི་ཊོ་ལི་ཡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཙོ་སྐྱོང་བ།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༢
མ་དཔེ་ངོ་མ་དབྱིན་ཡིག་ནས་ཕབ་བསྒྱུར་ཞུས་པས་དེར་རྩ་འཛིན་ཡོད་པ་ཞུ།