༢༠༡༠ ཟླ་ ༥ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ཉིན་རྒྱབ་ཨུ་རུ་སུའི་སྐད་ཡིག་ཐོག་བྲིས་པའི་དཔེ་དེབ། མངོན་པར་མི་གསལ་བའི་བོད། (Hidden Tibet) ཅེས་པ་བོད་རང་བཙན་ཁུངས་སྐྱེལ་གྱི་དཔེ་དེབ་གཅིག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་དཔེ་དེབ་རྩོམ་པ་པོ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། གཞན་ཡང་ཕྱི་ནང་གསར་འགོད་པ་མི་ཉུང་བ་ཞིག་ལྷན་འཛོམས་ཐོག་དཔེ་དེབ་དེ་ངོ་སྤྲོད་ཀྱི་ཐོག་མར་ཕྱི་དྲིལ་དྲུང་འཕར་བཀྲིས་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་།དེ་རྗེས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་རྩོམ་པ་པོ་ངོ་སྤྲོད་གནང་གྲུབ་བསྟུན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་ནང་དངོས་ཡོད་བོད་ཀྱི་ལོ་རྒྱུས་དེ་ཙམ་ཤེས་རྟོགས་མེད་པ་དང་། གང་ཤེས་པ་དེ་ཡང་རྒྱ་ནག་གཞུང་དང་། དེ་སྔོན་དབྱིན་ཇིི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་དབང་སྐབས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པའི་གནས་ཚུལ་དེ་དག་ཡིན་སྐོར་དང་། དེ་བཞིན་ཁོང་གིས་དཔེ་དེབ་མངོན་པར་མི་གསལ་བའི་བོད་ཅེས་པ་འདིས་རྒྱལ་སྤྱིའི་ནང་བོད་ཀྱི་དངོས་ཡོད་གནས་ཚུལ་གོ་རྟོགས་སླད་ཕན་ཐོགས་ཡོང་རྒྱུའི་ཐུགས་རེ་ཡོད་སྐོར་གསུང་བཤད་གནང་། དེ་རྗེས་རྩོམ་པ་པོས་བོད་དེ་སྔ་མོ་རང་བཙན་གཙང་མའི་རྒྱལ་ཁབ་གཅིིག་ཡིན་པ་དང་། ཕྱིས་སུ་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་པ་ཞིག་ཡིན་སྐོར་གསུང་བཤད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས་དཔེ་དེབ་རྩོམ་པ་པོས་བོད་ཀྱི་འདས་པའི་བྱུང་རབས་ཙམ་མ་ཡིན་པར། མ་འོངས་པར་གལ་ཏེ་ད་ལྟའི་བོད་ཀྱི་གནས་སྟངས་ཇི་ཡིན་ཐོག་ཨུ་རུ་སུའི་སྐད་ཡིག་ནང་རྩོམ་འབྲི་གནང་ཐུབ་ཚེ་ཕན་རླབས་ཆེན་པོ་ཡོད་སྐོར་གྱིས་གསུང་བཤད་གནང་ཡོད། དེ་རྗེས་ཕྱི་ནང་གསར་འགོད་པས་རྩོམ་པ་པོར་དྲི་བ་དྲིས་ལན་ཡང་གནང་། དེ་ཡང་སྐུ་ཞབས་སར་ཇེའུ་སི་ཨེལ་ཀུཛ་མིན་ (Dr.Sergius L. Kuzmin) ལགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༠ ཉིན་ཨུ་རུ་སུའི་སྐད་ཡིག་ནང་བྲིས་པའི་མངོན་པར་མི་གསལ་བའི་བོད། ཅེས་པའི་དཔེ་དེབ་དེ་རྒྱལ་ས་མོ་སོ་ཀོའི་ནང་ཐོག་མར་དབུ་འབྱེད་གནང་ཡོད། ཐེངས་འདིའི་དཔེ་དེབ་ངོ་སྤྲོད་ཀྱི་ལས་འཆར་དེ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོར་རྟེན་གཞི་བྱས་པའི་བོད་སྐྱོབ་དགེ་རྩ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་བཅས།།