༢༠༡༠ ཟླ་ ༥ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ ༢༠༡༠ ཟླ་ ༤ ཚེས་ ༣༠ ཉིན་རྡ་སའི་ཉེ་འགྲམ་རྡ་རི་ཐང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སར་༸ཞབས་སོར་བཀྲིན་བསྐྱངས་ནས་མི་ལོ་ ༥༠ འཁོར་བ་དང་། ཧི་མ་ཅལ་གཞུང་མང་ལ་ཐུགས་རྗེས་ཆེ་ཞུའི་མཛད་སྒོའི་སྐབས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན།
ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་ཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་དབུས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང་། དེ་རིང་འདིར་སྐུ་མགྲོན་གྱི་གཙོ་བོར་ཕེབས་པའི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སློབ་དཔོན་པི་རེམ་ཀུ་མར་དྷུ་མལ་མཆོག་ (Prem Kumar Dhumal) དང་། བཟོ་ལས་བློན་ཆེན། དེ་བཞིན་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ། འཕགས་བོད་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པ། ས་གནས་མང་ཚོགས་རྣམ་པ། སྐུ་མགྲོན་རྣམ་པ། གསར་འགོད་པ་རྣམ་པ་བཅས་ཚང་མར་དེ་རིང་བཙན་བྱོལ་སྒྲིག་འཛུགས་ངོས་ནས་ཧི་མ་ཅལ་མངའ་སྡེའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་མདོར་བསྡུས་ཤིག་གོ་སྒྲིག་ཞུས་པ་དེ་དམིགས་ཡུལ་གང་རེད་དམ་ཞུས་ན། ལོ་སྔོན་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་འཁོད་ནས་མི་ལོ་ ༥༠ འཁོར་བའི་དུས་ཆེན་དང་མཉམ་དུ་རྒྱ་གར་རྒྱལ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་ཞུས་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལར་ཕྱི་ལོ་ ༡༩༦༠ ཟླ་ ༤ པའི་ཟླ་མཇུག་ཕྱི་ཟླ་ ༥ པའི་ཚེས་ཤར་ལ་༸ཞབས་སོར་འཁོད་ནས་མི་ལོ་ ༥༠ ཧྲིལ་པོ་ལོན་པའི་ཉིན་མོ་འདིར་ཧི་མ་ཅལ་མངའ་སྡེའི་གཞུང་མང་ལ་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུའི་མཚོན་དོན་ཙམ་གྱི་མཛད་སྒོ་འདི་གོ་སྒྲིག་ཞུས་པ་ཡིན། གང་ཡིན་ཟེར་ན་འདས་པའི་ལོ་ ༥༠ རིང་ལ་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་རིགས་ཚོ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་ཆ་ནས་མཚོན་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་མཐུན་འགྱུར་རོགས་རམ་བླ་མེད་གནང་བ་དེ་ང་ཚོའི་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དང་། བོད་མི་རིགས་ཀྱིས་ནམ་ཡང་བརྗེད་དུ་མེད་པའི་བྱུང་རབས་ཤིག་རེད།
དེ་འདྲ་སོང་ཙང་བྱེད་པ་དྲིན་དུ་མི་གསོ་བ་དེ་ཡ་རབས་ཀྱི་སྤྱོད་ཚུལ་མིན་པ་གཞུང་ལུགས་ནས་གསུངས་པ་བཞིན་ང་ཚོས་ངེས་པར་དུ་བྱེད་པ་ལ་བྱེད་པར་ཤེས་པ་དང་། བྱེད་པ་དྲིན་དུ་གསོ་བ་དེ་ཡ་རབས་ཀྱི་སྤྱོད་ཚུལ་སོང་བ་ཡིན་ཙང་དེའི་རྗེས་སུ་འཇུག་ནས་དེ་རིང་ང་ཚོ་འདིར་མཛད་སྒོ་སྟབས་བདེ་ཞིག་ཞུ་གི་ཡོད། སྤྱིར་བཏང་རྒྱ་གར་གྱི་ནང་མངའ་སྡེ་དགུ་དང་ལྡི་ལི་རྩིས་པ་ཡིན་ན་དབུས་ཀྱི་འཛིན་སྐྱོང་གི་ས་གནས་གཅིག་བཅས་ས་ཁག་བཅུའི་ནང་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཚུགས་ཡོད་པ་རེད། དེའི་ནང་ནས་གཞིས་ཆགས་མང་ཤོས་དེ་ཧི་མ་ཅལ་མངའ་སྡེ་རེད། ཧི་མ་ཅལ་མངའ་སྡེའི་ནང་གཞིས་ཆགས་ཐོག་མ་ཚུགས་རྒྱུ་དེ་ས་གནས་གཞན་ལས་སྔ་བ་ཚུགས་པ་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་མིེ་ས་མ་རི་ (Missamari) ཡོད་སྐབས་དེའི་ནང་ནས་བགྲེས་སོང་དང་། སློབ་གཉེར་གནང་བཞིན་པ་ཁག་གཅིག་ཌལ་ཧོར་དུ་བཏང་གནང་བ་དང་། ཆབས་ཅིག་ན་གཞོན་རུ་ཁག་གི་ཌལ་ཧོ་སིར་ལས་རིགས་སྣ་ཚོགས་ཀྱི་བཟོ་གྲྭ་བཙུགས་པ་དེ་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་བཙུགས་པ་ཐོག་མ་རེད། སྐབས་དེ་དུས་ཌལ་ཧོ་སི་པན་ཇབ་ཀྱི་ཁོངས་སུ་ཡོད་པ་རེད། འོན་ཀྱང་ད་ལྟ་ཌལ་ཧོ་སི་ཧི་མ་ཅལ་གྱི་མངའ་སྡེ་ནང་ཡོད་པ་ཞིག་རེད། དེ་ནས་བཟུང་སྟེ་ད་ལྟ་བར་རྡ་ས་མ་རྩིས་པའི་ཧི་མ་ཅལ་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག ༡༤ ཆགས་ཀྱི་འདུག ཌལ་ཧོ་སི། སིམ་ལ། སྤུར་ཝ་ལ། ཀུ་ལུ། མ་ནཱ་ལི། སྤོན་ཊ། ཀུམ་རའོ། ཅོན་ཏ་ར། སྦིར་བོད་ཚོགས། སྦིར་སྡེ་དགེ། ཌོ་ལན་ཇི། ས་ཏོན། བཀྲ་ཤིས་ལྗོངས་བཅས་གཞིས་ཆགས་ཁག་བཅུ་བཞི་ཡོད། རྡ་རམ་ས་ལ་གཞུང་འབྲེལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཟིན་པ་ཞིག་མ་རེད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་སྟབས་བསྟུན་ནས་བོད་མི་གནས་སྡོད་མང་པོ་ཡོད་ས་ཞིག་ཆགས་ཡོད་པ་རེད། རྡ་ས་རྩིས་པ་ཡིན་ན་ཁག ༡༥ ཆགས་ཡོད། མི་འབོར་ཆ་ནས་དེ་ཙམ་མང་པོ་མིན་ཡང་ས་བགོས་ཀྱི་ཆ་ནས་གཞིས་ཆགས་མང་ཤོས་ཡོད་ས་དེ་ཧི་མ་ཅལ་མངའ་སྡེ་ཆགས་ཡོད།
དེ་བཞིན་ཧི་མ་ཅལ་མངའ་སྡེའི་ནང་ད་ལྟ་ངས་གོང་དུ་ཞུས་པའི་ཧི་མ་ཅལ་སྡེའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་མི་འབོར་ཁྱོན་བསྡོམས་ ༢༡༠༥༡ ཙམ་ད་ལྟ་སྡོད་བཞིན་པ་རེད། དེའི་ཐོག་ཧི་མ་ཅལ་མངའ་ཁུལ་ལ་སློབ་གྲྭ་ཁག་ཆེ་ཆུང་ ༡༨ ད་ལྟ་འགྲོ་བཞིན་པ་རེད། དེ་ཚོའི་ནང་སློབ་ཕྲུག་ ༩༦༤༤ དམའ་རིམ་ནས་འཛིན་གྲྭ་བཅུ་གཉིས་བར་སློབ་སྦྱོང་བྱེད་བཞིན་ཡོད། དེ་ལས་ངོ་མཚར་ཆེ་བ་ཞིག་ལ་ཧི་མ་ཅལ་ནང་དགོན་སྡེ་ཁག ༣༣ ཆགས་ཀྱི་འདུག རྡ་ས་ཀྒ་རའི་རྫོང་ཁོངས་གཅིག་པུའི་ནང་དགོན་ཁག་བཅུ་ཆགས་ཀྱི་འདུག དེ་ཚོའི་ནང་དགེ་འདུན་པའི་ཞལ་གྲངས་ ༤༣༣༡ ང་ཚོའི་དེབ་སྐྱེལ་ལ་བལྟས་ན་དེ་ཙམ་ཆགས་ཀྱི་འདུག དེ་དང་ཕྱོགས་མཚུངས་བཙོན་དགོན་དགུའི་ནང་བཙུན་མ་གྲངས་ ༩༠༨ གནས་ཡོད། སྤྱིར་བཏང་གི་མི་འབོར་དང་། སློབ་ཕྲུག དགེ་འདུན་པ། བཙུན་མ་བཅས་བསྡོམས་ན་ད་ལྟ་ཧི་མ་ཅལ་མངའ་སྡེའི་ནང་བོད་མི་ ༣༥༨༢༤ ཡོད་བཞིན་པ་རེད། དེ་ཚོ་ཚང་མའི་འཚོ་ཐབས་ཡིན་ནའང་འདྲ། འགྲུལ་བསྐྱོད་ཡིན་ནའང་འདྲ། མཐུན་རྐྱེན་གཞན་གང་ཡིན་ནའང་ཧི་མ་ཅལ་མངའ་སྡེའི་ནང་ཁུངས་འཁྱོལ་ནས་སྡོད་ཀྱི་ཡོད། ལྷག་པར་བཞུགས་སྒར་རྡ་ས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གདན་འཇགས་ཡུལ་འཁེལ་བ་དེས་བོད་མི་རྣམས་རྒྱ་གར་རྒྱལ་ཡོངས་ནང་འགྲོ་སྐབས་ཧི་མ་ཅལ་གྱི་ཡུལ་མི་ལྟ་བུར་རྩིས་ཀྱི་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སར་རྒྱུན་རིང་པོ་བཞུགས་རྒྱུའི་བཞུགས་སྒར་ཐུགས་གཏན་འཁེལ་གནང་རྒྱུ་དེ་ཐུན་མོང་སྣང་ངོ་དང་ཐུན་མོང་མིན་པའི་གནས་ཚུལ་མང་པོ་ཞིག་ཏན་ཏན་ཡོད་མདོག་ཁ་པོ་རེད་དྲན་གྱི་ཡོད། སྤྱིར་ཧི་མ་ཅལ་ལ་ཡོངས་གྲགས་བཤད་སྲོལ་དུ་ལྷའི་ཞིང་ཁམས་ ༼ཌེབ་བྷུ་མི༽ ཞེས་ལབ་ཀྱི་ཡོད་པ་རེད།
དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་དེ་ནང་དོན་རིག་པའི་ཉམས་ལེན་བྱེད་སའི་གནས་གཞི་གཙོ་བོ་ཞིག་ལ་རྒྱ་གར་གྱི་ལུང་དང་བསྟན་བཅོས་མང་པོ་ཞིག་གི་ནང་ཡོད་པ་ལྟར། དངོས་ཡོད་གནས་ཚུལ་ཐོག་ལའང་ཆོས་བརྒྱུད་མང་པོའི་བསྟན་པ་དར་ས་དང་། བསྟན་པ་འཛིན་སའི་ས་ཆ་ལྟ་བུ་ཆགས་ཡོད་པ་རེད། བོད་ཀྱི་ནང་བསྟན་པ་འཕེལ་སྒྲིབ་འབྱུང་སྐབས་ལའང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་བསྟན་པ་མ་ཉམས་པར་གནས་པ་དང་། རྒྱ་གར་ནང་ལ་བསྟན་པ་འཕོ་འགྱུར་འབྱུང་སྐབས་ལའང་ཧི་མ་ལ་ཡི་རི་རྒྱུད་ཁུལ་ལ་བསྟན་པ་མ་ཉམས་པར་གནས་པ་ལ་སོགས་པ་དེ་འདྲའི་ནང་དོན་རིག་པའི་སྲོལ་རྒྱུན་བདག་གཅེས་བྱེད་ཡུལ་ས་གནས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་རྒྱ་གར་ནང་དུས་འགྱུར་མ་བྱུང་བའི་སྐབས།
ཁ་ཆེའི་ཡུལ་དང་ཟླ་སྒྲིལ་བའི་རི་རྒྱུད་དེ་དག་ཁ་ཆེའི་བྱེ་བྲག་་བའི་མཚོན་སངས་རྒྱས་ཀྱི་བསྟན་པ་སྔ་དར་གྱི་སྐབས་ལ་བསྟན་པ་རླབས་ཆེན་དར་ས་ཡིན་པའི་ཚུལ་འདུག ཁ་སང་སློབ་དཔོན་ཆེན་པོ་ཤཱར་མས་གསུང་བཤད་ནང་གསུངས་པ་ལྟར་རེད། རྡ་རམ་ས་ལར་སངས་རྒྱས་ཀྱི་ཆོས་རླབས་ཆེན་དར་ས་དང་། དགོན་པ་དང་མཆོད་རྟེན་མང་པོ་ཡོད་སའི་ས་ཆ་ཞིག་ད་ལྟའང་གནའ་རྫས་རྙིང་པ་ཞིབ་འཇུག་བྱེད་མཁན་ཚོས་ཞིབ་ཚགས་པོ་བྱེད་མ་ཐུབ་པ་མ་གཏོགས། མཁས་དབང་འགའ་ཤས་ཀྱིས་གསུང་ཚུལ་ལ་བྱས་ན། བཀའ་བསྡུ་གསུམ་པ་གནང་སའི་ལུང་པ་དེ་ཡང་སྐབས་དེ་དུས་ཇ་ལན་དྷར་ (Jalandhar) གྱི་ཁོངས་གཏོགས་ལ་རྡ་ས་ཡོད་པ་ཡིན་ཙང་། གཅིག་བྱས་ན་བཀའ་བསྡུ་གསུམ་པ་གནང་ཡུལ་རྡ་ས་ཡིན་སྲིད་པ་རེད་ཅེས་ད་ལྟ་ལོ་རྒྱུས་་བ་འགའ་ཤས་ནས་དེའི་ཐོག་ལ་གནས་ཚུལ་གསལ་བཤད་བྱེད་རྒྱུའི་མཚོན་ད་དུང་ཉམས་ཞིབ་ཀྱིི་ཕྱག་ལས་གནང་བཞིན་པ་རེད། འདས་པའི་ལོ་ ༥༠ རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་གྱི་མཚོན་པའི་བོད་པའི་བསྟིེ་གནས་ཧི་མ་ཅལ་ལ་ཡོད་པ་དེ་ཚོའི་བརྒྱུད་ནས་འཛམ་གླིང་ཁྱོན་ཡོངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཕྲིན་ལས་ཀྱི་ཁྱབ་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་ཕན་ཐོགས་རླབས་ཆེན་ཡོང་རྒྱུའི་གཞི་རྩའི་བསྟིེ་གནས་ལྟ་བུ་འདིར་ཆགས་ཐུབ་པ་ནི་ཧི་མ་ཅལ་གཞུང་དང་། ཧི་མ་ཅལ་གྱི་མང་ཚོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན་དེ་རིང་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རྡ་སའི་ཁུལ་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་སློབ་གྲྭ་ཁག་བཅུ་གཉིས་ཙམ་ལ་མཐུན་རྐྱེན་བསྐྲུན་རྒྱུ་དང་། ཌལ་མཚོ་ཆུང་ (Dal lake) ཉམས་གསོ་བྱེད་རྒྱུ། དེ་བཞིན་དབང་པོ་སྐྱོན་ཅན་གྱི་རིགས་ལ་མཐུན་འགྱུར་བྱེད་རྒྱུ་ལ་སོགས་པའི་གནས་ཚུལ་ཅི་རིགས་ཀྱི་ཐོག་ལ་ཕྲན་བུ་ཞིག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཙམ་མཐུན་འགྱུར་ཞུ་རྒྱུའི་འཆར་གཞི་ཡོད། ལྷག་པར་དེ་རིང་ལྷ་རིའི་ཐང་ཆེན་འདིའི་ཐོག་ལ་ང་ཚོ་མཛད་སྒོ་གནང་སའི་ས་ཆ་གནང་བར་ཞེ་དྲག་བཀའ་དྲིན་ཆེན་པོ་བྱུང་། ཁོ་རང་ཚོའི་གསུངས་ཚུལ་ལ་ཐང་འདིའི་གཡས་གཡོན་ལ་གསང་སྤྱོད་མེད་པའི་སྐུ་ངལ་ཡོད་པའི་གནས་ཚུལ་གསུང་གི་འདུག དེར་བརྟེན་དེའི་གཡས་གཡོན་ལ་གསང་སྤྱོད་མི་ཉུང་བ་ཞིག་མཐུན་འགྱུར་བྱ་རྒྱུའི་ལས་གཞི་ནང་འགྲོ་བཞིན་པ་ཡིན། ད་ཕན་ཧི་མ་ཅལ་གཞུང་མང་ལ་སྐབས་རེ་ང་ཚོའི་མི་རེ་གཉིས་ཀྱི་བྱས་པ་ལ་བརྟེན་ནས་དཀའ་ངལ་ཡོང་མ་མྱོང་བ་མ་རེད། ཡོང་སྲིད་པ་དང་ཡོང་མྱོང་བ་ཞིག་རེད།
དེ་ཚོ་ཡང་འཕྲལ་སེལ་གྱི་དཀའ་ངལ་ལ་གཞིགས་ཏེ་ཚང་མ་སྙོམ་ཆུང་ཐོག་ལ་སྡོད་ཐུབ་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་སྒེར་ཚང་མས་གནས་བབ་བཟང་པོ་ཞིག་གི་འོག་མི་ཚེ་སྐྱེལ་ཐུབ་པ་ས་གནས་གཞུང་དང་མངའ་སྡེའི་བཀའ་དྲིན་ཧ་ཅང་རླབས་ཆེན་པོ་ཞིག་རེད། དེ་དག་ལ་རྗེས་དྲན་ཞུ་རྒྱུ་དང་དེ་ཙམ་དུ་མ་ཟད། ཧི་མ་ཅལ་མངའ་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་ཐོག་ལ་ཡིན་ནའང་རོགས་རམ་མང་པོ་གནང་བཞིན་ཡོད། ལྷག་པར་དུ་སྨན་གྱི་སློབ་སྦྱོང་དུ་འཛུལ་ཞུགས་བྱེད་རྒྱུ་ཁག་པོ་ཡོད་ཙང་། ཧི་མ་ཅལ་མངའ་གཞུང་གི་སྨན་སློབ་ཁག་གི་ནང་ལོ་ལྟར་རྐུབ་སྟེགས་གཉིས་རེ་དམིགས་བསལ་གྱི་ཟུར་འཇོག་གནང་གི་ཡོད་པ་རེད། དེ་དག་ཚང་མར་ང་ཚོས་ངེས་པར་དུ་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་དང་། ལོ་ ༥༠ རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་སྐྱོབ་བྱེད་ཕྱོགས་དང་། རྡ་རམ་ས་ལའི་གནས་བབ་ཡོངས་སུ་རྫོགས་པ་ལ་ཕྱི་ནང་གསང་གསུམ་ནས་རོགས་སྐྱོར་གནང་བར་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། དེ་འདྲའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ལ་དེ་རིང་ང་ཚོ་འདིར་འཛོམས་པའི་ཐོག་སྤྱི་ཁྱབ་མངའ་སྡེའི་བློན་ཆེན་མཆོག་ལ་ཕེབས་རོགས་གནང་ཞེས་རེ་འདུན་ཞུས་པ་ལྟར་མཛད་འཕྲིན་ཆེན་པོ་ཡོད་ནའང་། དུས་ཚོད་སྟོན་ཏེ་དེ་རིང་འདིར་ཕེབས་པ་ཡོད་པ་དང་། ཁོང་གི་ཕྱག་རོགས་བཟོ་ལས་བློན་ཆེན། གཞན་ཡང་། རྡ་ས་དང་དེའི་ཕྱི་ལོགས་སུ་ཡོད་པའི་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་འདུག དེའི་རྗེས་ང་ཚོའི་ཐུགས་རྗེ་ཆེ་ཞུའི་མཚོན་བྱེད་ཀྱི་ཞལ་ཐང་གཅིག་དང་། སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ངེས་སྐྱོབ་ཀྱི་ཐེབས་རྩའི་ནང་དངུལ་འབོར་ཕྲན་བུ་གཅིག་བཅས་འབུལ་ལམ་ཞུ་རྒྱུ་ཡིན།