༢༠༡༠ ཟླ་ ༥ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣ ཉིན་རྡ་སའི་ཉེ་འགྲམ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མའི་མཛད་སྒོ་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། སློབ་གྲྭའི་འགན་འཛིན་གྱི་དབུས་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཕེབས་བསུ་དང་བཅས་སློབ་གྲྭའི་དཔེ་མཛོད་ཁང་དུ་གདན་ཞུས་ཀྱིས་གཟིགས་སྐོར་གྲུབ་རྗེས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་རྐྱེན་པས་ནང་མི་གཉེན་ཉེ་འདས་གྲོངས་སུ་གྱུར་བའི་སློབ་མ་ ༢༦ རྣམས་ལ་མཇལ་ཁ་དང་སེམས་གསོ་ཡང་གནང་ཡོད། དེ་ནས་སློབ་གྲྭའི་ཚོགས་ཁང་དུ་གདན་ཞུས་ཀྱིས་དགེ་ལས་སློབ་ཕྲུག ༦༠༠ བརྒལ་བ་ཚང་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་མཚམས་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་ས་ཡོམ་གྱི་འདས་སྐྱོན་བྱུང་བ་རྣམས་ལ་བདེན་ཚིག་སྨོན་ལམ་དང་གདུང་སེམས་མཉམ་སྐྱེ་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་གྲུབ་མཚམས་སློབ་ཕྲུག་བློ་བཟང་རྡོ་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བརྩམས་གནང་བའི་སྙན་ངག་ཞིག་སྒྲོགས་སྦྱང་གནང་། དེ་རྗེས་རྒྱ་གར་ས་གནས་གྲོང་སྡེའི་འགན་འཛིན་གྱིས་སྐུ་མགྲོན་རྣམ་གཉིས་ལ་འཚམས་འདྲིའི་མེ་ཏོག་གནང་རྗེས་སློབ་སྤྱི་མཆོག་གིས་སློབ་གྲྭའི་ངོ་སྤྲོད་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་མཐར་ཕྱིན་སློབ་མ་རྣམས་ལ་ལག་འཁྱེར་གནང་རྗེས་སློབ་ཕྲུག་རྡོ་རྗེས་མཐར་ཕྱིན་གྱིས་སློབ་མ་ཡོངས་ཀྱི་ཚབ་ཞུས་ཏེ་སློབ་གྲྭར་བཞུགས་རིང་གི་མྱོང་བ་སྒྲོགས་སྦྱང་གནང་།
དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་མཐར་སོན་སྐབས་ ༡༨ པའི་ཕྱག་འཁྱེར་གནང་རྒྱུའི་མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་བར་ང་རང་སྒེར་དང་། དེ་བཞིན་སློབ་གྲྭའི་སློབ་སྤྱི། དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་དང་། ཆབས་ཅིག་གུས་ཕྱག་སྔོན་དུ་བཏང་ནས། སྐྱབས་ཡུལ་དགེ་འདུན་རྣམས་ལའང་སྒོ་གསུམ་གུས་ཕྱག་དང་། འདིར་ཡོད་དགེ་ལས་སློབ་སྤྱི། སློབ་གཉེར་བ། ཁུལ་འདིའི་གྲོང་སྡེའི་འགན་འཛིན་སྐུ་ཞབས་པར་ཏཱབ་ལགས། དེ་བཞིན་འདིར་ཕེབས་པའི་སྐུ་མགྲོན་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་བསླབ་པ་མཐར་སོན་གྱི་སློབ་ཕྲུག་ཁག་གཅིག་ཡོད་པ་རེད། སློབ་གྲྭ་འདིའི་ནང་ནས་བསླབ་པ་མཐར་སོན་ནས་ཕྱི་ལོགས་སུ་ཕེབས་སྐབས་གཙོ་ཆེ་ཤོས་དེ་བོད་རིགས་ཤིག་གི་སྐུ་ཚབ་མཚོན་པ་དང་། དེ་བཞིན་སློབ་གྲྭ་འདིའི་སྐུ་ཚབ་མཚོན་པའི་ཐོག་ནས་ས་གནས་གང་དུ་ཕེབས་ཀྱང་ཡ་རབས་བཟང་སྤྱོད་ལྡན་ཐོག་ང་རང་ཚོའི་ཆོས་དང་། རིག་གཞུང་། གོམས་གཤིས། ཡ་རབས་ཀྱི་མིག་དཔེ་སྟོན་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད། ད་ལྟའི་དུས་ཚོད་ལ་ང་རང་ཚོའི་བོད་པའི་སྤྱི་ཚོགས་ནང་བཟང་སྤྱོད་ཇེ་ཞན་དུ་འགྲོ་བའི་སྐབས་ཆགས་ཡོད། ཉེ་ཆར་ཟླ་ ༤ ཚེས་ ༣༠ ཉིན་ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༥ སྐབས་ཀྱི་བོད་པ་དེ་ཚོ་ཡག་པོ་ཡོད།དེང་སང་དེ་བཞིན་མི་འདུག་ཅེས་དེ་ལྟར་ཞུ་མཁན་བྱུང་ཞེས་བཀའ་སློབ་ཕེབས་ཡོད་པ་རེད། དེར་བརྟེན་ང་ཚོས་ཡ་རབས་བཟང་སྤྱོད་ལ་སྲོག་ལས་གཅེས་པ་བཞིན་བདག་གཅེས་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག འདིར་བཞུགས་མཁན་ཚོ་ཡིན་ནའང་སློབ་སྦྱོང་ཐོག་ཧུར་ཐག་དང་། དགེ་རྒན་ལ་བརྩི་བཀུར་གནང་རོགས་ཞུ་རྒྱུ་ཡིན།
དེ་བཞིན་དགེ་རྒན་རྣམ་པ་ཚོའི་ངོས་ནས་ཀྱང་འདིར་ཡོད་སློབ་ཕྲུག་ཚོ་བོད་ནས་རྒྱ་ནག་གི་གདུག་རྩབ་མྱོང་ནས་ཡོང་བ་ཤ་སྟག་རེད། ད་ལྟ་འདིར་སློབ་སྦྱོང་གི་གོ་སྐབས་ཐོབ་ཆེད་སྐུ་ལས་མང་པོ་ཞིག་བརྒྱབ་སྟེ་འདིར་སླེབས་ཐུབ་པ་བྱུང་ཡོད། སློབ་ཕྲུག་གཞན་དག་དང་འདིར་བཞུགས་སློབ་མའི་གནས་སྟངས་མང་པོ་ཞིག་གི་མི་འདྲ་བ་ཡིན་སྟབས། འདིར་ཡོད་དགེ་ལས་ཚོས་དགོངས་པ་བཞེས་ནས་སློབ་གྲྭ་གཞན་པའི་དགེ་རྒན་དང་མི་འདྲ་བར་ཁོང་ཚོར་སློབ་སྦྱོང་ཡག་པོ་བསླབ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་པ་དང་སྦྲགས། བསླབ་པ་ཐར་སོན་གྱི་སློབ་ཕྲུག་ཚོ་ཕྱོགས་གང་དུ་ཕེབས་ཀྱང་བྱ་བ་ལམ་འགྲོ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་རེ་བ་དང་སྨོན་ལམ་ཡོད། ཅེས་གསུངས་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་ཀརྨ་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་དང། དེ་བཞིན་སློབ་གྲྭའི་འགན་འཛིན། སློབ་སྤྱི་དགེ་ལས་རྣམ་པ། སློབ་ཕྲུག་རྣམ་པ་ཚོ་ཚང་མར་བསླབ་པ་མཐར་སོན་གྱི་མཛད་རིམ་འདིའི་ཐོག་མཉམ་ཞུགས་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་བས་ཚང་མར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཁ་སང་བསླབ་པ་མཐར་སོན་པའི་མཛད་སྒོ་འདིར་ཡོང་རོགས་ཞེས་སྐུལ་མ་གནང་བ་དང་།དེ་རིང་འདིར་དངོས་སུ་སླེབས་ཀྱང་འཆམ་པ་ཕོག་སྟེ་ཅུང་མི་བདེ་བ་འདུག མ་གཞི་ནས་འདི་ཕྱིའི་ལམ་སྟོན་གྱི་བཀའ་སློབ་སོ་སོའི་ངོས་ནས་བཤད་ཐུབ་རྒྱུའི་ཆ་རྐྱེན་དང་ཤེས་ཡོན་ཉམས་མྱོང་གང་ཅིའི་ཐད་ནས་ཞན་སྟབས། སེམས་ནས་དྲན་པ་དེའང་མར་ཤོད་རྒྱུར་དཀའ་ངལ་འདུག ད་རེས་ཉེ་ཆར་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིག་པ་མི་ཟད་པ་བྱུང་སྟེ། བོད་རིགས་སྤུན་ཟླ་མང་པོ་ཞིག་རྐྱེན་འདས་སུ་ཕྱིན་པ་ཤུལ་ལུས་མང་པོ་ཞིག་གི་དབང་པོ་དང་ཡན་ལག་གཉིས་ཉམས་པ་དང་བུ་དང་ཁྱོ་བོ་ཤི་བ་སོགས་ཧ་ཅང་གི་ཡིད་སྐྱོ་བའི་གནས་ཚུལ་བྱུང་བར་ཚད་མེད་པའི་སེམས་སྡུག་བྱུང་། མི་ཡུལ་ས་མཐར་གྱར་དུས་དངོས་སུ་ཕ་གིར་ཕྱིན་ཏེ་རོགས་ཕན་བྱེད་རྒྱུ་མེད་ཀྱང་སེམས་ནས་ཉིན་རྟག་པར་བསྔོ་བ་སྨོན་ལམ་ཞུ་གི་ཡོད། ལོ་ངོ་ལྔ་བཅུའི་རིང་བོད་མི་རིགས་ཀྱི་ཕ་ས་མི་ལ་ཤོར་ཏེ་གཞིས་བྱེས་གཉིས་སུ་གྱར་ནས་རང་གི་ལུང་པར་རང་གི་བདག་ཏུ་བཟུང་བའི་དབང་ཆ་ཡང་མེད་པ་དང་། ཆོས་དང་རིག་གཞུང་ལ་འཛིན་སྐྱོང་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་ཞིག་མ་ཐུབ་པར་དཀའ་ངལ་དང་སྡུག་བསྔལ་རྒྱུན་མི་ཆད་པར་ཡོང་གི་ཡོད་ཅེས་སོགས་དང་། ཁོང་གིས་གསུང་གསལ། དེ་རིང་འདིར་མཐར་ཕྱིན་སློབ་མ་ཚོའི་སློབ་ཐོན་ལག་འཁྱེར་སྤྲོད་རྒྱུ་བྱུང་བ་རེད། འོན་ཀྱང་དེས་སོ་སོའི་མི་ཚེའི་ནང་གི་ཤེས་ཡོན་གྱི་སློབ་སྦྱོང་མཇུག་སྒྲིལ་བ་དང་། མི་ཚེའི་ནང་གི་གནས་ཚད་དེ་མཐར་ཕྱིན་པ་ཞིག་ཡིན་པའི་གནས་ཚུལ་ཆགས་ཀྱི་མེད་ལ། མི་ཚེའི་ནང་སློབ་སྦྱོང་དེ་བར་མཚམས་ཤིག་སླེབས་པ་ཞིག་རེད། ད་ལྟ་བར་དུ་ཕ་ཡུལ་བཞག་མི་ཡུལ་བསྒྲིམས་ཏེ་གོས་མལ་སོགས་དཀའ་ངལ་ཡོད་ཀྱང་དེ་དག་ལ་མ་འཛེམས་པར་སློབ་སྦྱོང་བྱས་པའི་འགྲུབ་འབྲས་བཟང་པོ་ཞིག་ཐོབ་སྟེ་མ་འོངས་པར་ཤེས་ཡོན་ལ་དོ་སྣང་བྱེད་རྒྱུ་དང་མུ་མཐུད་སྦྱང་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་བོད་མི་རིགས་ཀྱི་རིག་གཞུང་དེ་མ་བརྗེད་པར་སེམས་ལ་བཅང་དགོས་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བསྟུན་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་བསླབ་པ་མཐར་སོན་གྱི་མཛད་སྒོ་གྲོལ་བ་བཅས།