༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༧ དང་བོད་ཟླ་ ༤ པའི་ཚེས་ ༡༥ ཉིན་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་རྣམ་གསུམ་གྱི་དུས་ཆེན་ཉིན་རྡ་ས་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པ་ནས་གོ་སྒྲིག་ཐོག་བཞུགས་སྒར་ལྷ་རྒྱལ་རིའི་རྟེན་ཁང་གི་མདུན་དུ་བོད་རྒྱལ་ཁབ་ཆེན་མོའི་བསྟན་སྲིད་བདེ་ཐབས་སླད་ལྷ་གསོལ་གྱི་དུས་སྟོན་སྲུང་བརྩི་ཞུས་པ། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དབུས་གཙང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་དང་།དེ་བཞིན་མངའ་རིས་ཁུལ་ནས་ཡིན་པའི་གཞུང་ཞབས་དང་རྡ་སའི་མི་མང་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་བསངས་གསོལ་གནང་ཡོད་ཅིང་། སྐབས་དེར་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་དང་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། དེ་ནས་བསངས་གསོལ་དང་དར་ཆེན་སྐུ་རླུང་དར་འཛུགས་གནང་མཚམས་མངའ་རིས་སྤྱི་མཐུན་ཚོགས་པའི་ས་གནས་ཀྱི་ཚོགས་གཙོ་བླ་མ་སྐྱབས་ལགས་དང་དབུ་སྤྱི་ཁྱབ་ཀྱི་ཚོགས་གཙོ་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། དེ་རིང་ང་ཚོས་ས་ག་ཟླ་བ་ཟེར་དུས་འབུམ་འགྱུར་ཟླ་བ་ཞེས་ཟླ་བ་འདིའི་ནང་མ་ཌྷི་གཅིག་འདྲེན་ཡང་དགེ་བ་འབུམ་འགྱུར་གྱིས་ང་ཚོ་ནང་པ་ཡོངས་ཀྱི་ཆོས་ཕྱོགས་ཀྱི་དུས་ཆེན་རྩ་ཆེན་ཞིག་ཆགས་ཡོད་ལ་འཛམ་གླིང་ནང་ཡོད་པའི་ནང་པ་ཡོངས་ཀྱི་ཕལ་ཆེར་དེ་རིང་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད། ལྷག་པར་ཕྱི་ལོ་ ༡༦༨༡ ལོར་གནས་ཆེན་གངས་ཏི་སིའི་མདུན་དར་ཆེན་སྐུ་བཞེངས་བྱས་ཏེ་ལོ་ངོ་ ༣༠༠ སྔོན་ནས་ཆོས་ཕྱོགས་ཀྱི་བྱ་བ་ཆེན་པོ་ཞིག་སླར་གསོ་གནང་ཐུབ་པ་དེ་གཟི་བརྗིད་ཅིག་ཡིན་པ་དང་། གཙོ་བོ་བོད་ཕྱི་ནང་གཉིས་སུ་ཡོད་པའི་མངའ་རིས་པ་རྣམས་ཀྱི་འགན་འཁུར་ཐོག་༸གོང་ས་མཆོག་གི་དགོང་གཞི་དང་མཐུན་པར་གནང་ཐུབ་པར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་གི་ཡོད། དེ་རིང་སངས་རྒྱས་ཀྱི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུ་བཞིན་ཡོད།སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ཀྱི་མི་དེ་དག་བསོད་ནམས་ཆེན་པོ་རེད་ཅེས་སྙམ་པ་ང་ཚོ་མི་ཚང་མས་བསམ་བཞིན་ཡོད། གལ་ཏེ་དེ་ལྟར་ཡིན་ན་དུས་རབས་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸ཞབས་འོག་ཏུ་ལས་ཀ་བྱེད་རྒྱུའི་གོ་སྐབས་ཡོད་པ་མ་ཟད། ཞལ་དངོས་སུ་མཇལ་རྒྱུ་ཡོད་པ་དེ་ང་རང་ཚོ་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། ངས་ཞུ་དོན་སྙིང་པོ་ནི་ནོར་བུ་རང་ལ་ཡོད་དུས་རང་གི་བདག་པོ་རྒྱག་ཐུབ་པ་བྱེད་དགོས་པ་མ་ཟད། དེ་བཞིན་རིན་ཐང་གང་ཡོད་པ་དེ་རང་གི་ཤེས་པའི་ཐོག་ནས་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་ཐོག་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ནུས་པ་མཉམ་རུབ་འདོན་དགོས་རྒྱུ་དེ་གལ་ཆེན་པོ་རེད།
ཞེས་གསུང་བཤད་གནང་གྲུབ་བསྟུན་མངའ་རིས་སྤྱི་མཐུན་ཚོགས་པའི་ས་གནས་ཀྱི་ཚོགས་གཙོ་བླ་མ་སྐྱབས་ལགས་ནས་ཐུགས་རྗེའི་ཆེ་ཞུས་རྗེས་ཚང་མ་ཡར་བཞེངས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཀར་ཕྱོགས་ཀྱི་ལྷ་རྣམས་རྒྱལ་བའི་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ཚང་མས་དུས་གཅིག་ལ་འབྲུག་སྒྲ་གྲགས་པ་ལྟར་བསྒྲགས་ཏེ་བསངས་གསོལ་གྱི་མཛད་སྒོ་གྲོལ།