༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་བོད་མིའི་སྤྱི་ཚོགས་ཀྱི་ནུས་པ་གོང་མཐོར་སྤེལ་སླད་རྒྱ་གར་མཐོ་སློབ་ཁག་ནང་ཁྱད་ལས་སློབ་སྦྱོང་བྱེད་འདོད་ཡོད་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་རྣམས་ལ་ཨ་རི་བོད་ཀྱི་ཐེབས་རྩ་ནས་གཤམ་གསལ་ཁྱད་ལས་ཁག་གི་ཐོག་སློབ་ཡོན་རོགས་རམ་བྱ་གཏན་འཁེལ་ན་ཆ་རྐྱེན་ཚང་བ་ཚོས་འཚང་སྙན་འབུལ་འཐུས་ཆོག་རྒྱུ།
ཨ་རི་བོད་ཀྱི་ཐེབས་རྩའི་ཁྱད་ལས་སློབ་ཡོན་འདི་དག་གི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྤྱི་ཚོགས་ནང་སྨན་པ་དང་འཕྲོད་བསྟེན་གྱི་ཁྱད་ལས་པའི་ཛ་དྲག་དགོས་མཁོ་བསྐོང་ཆེད་དུ་ཡིན། དེར་བརྟེན་ཁྱད་ལས་སློབ་ཡོན་གྱི་ལས་འཆར་དེ་དག་ནང་ MBBS BPT(Physiotherapy), B.Pharmacy, BDS(Dentist), and MDS(Dentist) བཅས་ཀྱི་ཆེད་དུ་སློབ་ཡོན་གནང་རྒྱུ་ཡིན། སློབ་ཕྲུག་འདི་དག་རྒྱ་བལ་འབྲུག་གསུམ་གྱི་མཐོ་སློབ་ནང་སློབ་འཇུག་ངོས་བཞེས་ཐོབ་ཟིན་པའམ་ཡང་ན་ད་ལྟའི་ཆར་མཐོ་སློབ་འགྲིམ་བཞིན་པ་ཞིག་ཡིན་དགོས་ཐོག་བོད་གཞུང་ངམ་སྒྲིག་འཛུགས་གཞན་གང་རུང་ནས་སློབ་གྲོན་གྱི་ཆ་ཤས་རོགས་རམ་ཐོབ་མུས་ཡིན་པ་ཞིག་དགོས། ཨ་རི་བོད་ཀྱི་ཐེབས་རྩས་ལོ་རེའི་ཁྱད་ལས་སློབ་ཡོན་འགྲོ་གྲོན་ནས་བརྒྱ་ཆ་སུམ་ཅུ་ཙམ་ལ་ཕན་པའི་སློབ་ཡོན་གནང་རྒྱུ་ཡིན་ཞིང་། དེ་ནི་སློབ་ཕྲུག་གི་སློབ་སྦྱོང་མཇུག་སྐྱོང་ཐུབ་ཐབས་ཆེད་དུ་དམིགས་པ་ཞིག་ཡིན།
ཀ༽ སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འགེངས་ཤོག་འབུལ་ཕྱོགས།
༡་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་བསྙོན་མེད་ཡིན་པ།
༢་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks card) དང་རྒྱུགས་འཕྲོད་ལག་འཁྱེར་ (Pass Certificate) ངེས་འབུལ་དགོས་པ།
༣་འཛིན་རིམ་བཅུ་གཉིས་ནང་བརྒྱ་ཆ་ ༦༠ ཡན་ལོན་པ་དགོས་རྒྱུ།
༤་རང་ཉིད་ཀྱི་ཕྱེད་དཔར་གཉིས་མཉམ་འབུལ་དགོས་རྒྱུ།
༥་དོ་བདག་གི་མི་ཚེའི་ལོ་རྒྱུས་ (Personal Life History) སྙིང་བསྡུས་ཤིག་འབུལ་གནང་དགོས་པ།
༦་རང་ཉིད་སྒེར་གྱི་ཤེས་ཡོན་གྲུབ་འབྲས་དང་མངོན་འདོད་སྐོར་ (Personal Academic Achievements and Aspirations) རྩོམ་ཐུང་ཞིག་འབུལ་དགོས་རྒྱུ།
༧་རྒྱབ་གཉེར་ཡི་གེ་ཞིག་ (Letter of Recommendation) རང་གི་མཐོ་སློབ་བམ་ཡང་ན་གཙུག་ལག་སློབ་གཉེར་ཁང་ནས་ཞུ་འབུལ་དགོས་པ་ཡིན།
༨་སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ www.sherig.org ནས་ཕབ་བཤུས་ཀྱིས་འབུལ་འཐུས་ཆོག་རྒྱུ།
༩་བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ (རྒྱབ་གཉེར་མཉམ་སྦྱར་དགོས་པ་) ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་སྦྱོར་འབུལ་དགོས།
༡༠་ད་ལྟ་ཐོབ་བཞིན་པའི་སློབ་ཡོན་རོགས་རམ་གྱི་ཡིག་ཆ་ཕྱོགས་བསྒྲིགས། གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ཞིབ་བཤེར་སོང་བའི་འགན་ལེན་དག་མཆན་ (Attestation) ངེས་པར་ཞུ་དགོས།
༡༡་འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༥༠ འབུལ་དགོས།
༡༢་འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
ཁ༽ གཤམ་གསལ་ཡིག་ཆ་རྣམས་ལ་ས་གནས་འགོ་འཛིན་ནས་ཞིབ་བསྡུར་ཟིན་པར་བརྟེན་ངོ་བཤུས་ཁག་ཤེས་རིག་ལས་ཁུངས་སུ་འབུལ་མ་དགོས།
༡་དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༠༩ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནས་དག་མཆན་འགོད་དགོས།
༢་རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་དུས་འགྱངས་སླད་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཡོད་ཚེ་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་འབུལ་དགོས།
༣་ཕ་མ་བོད་ནང་ཡོད་པའམ། འདས་གྲོངས། ཡང་ན་ཁ་བྲལ་སོང་བ་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནམ། བོད་གཞུང་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་ནས་དེ་མཚུངས་ངོས་སྦྱོར་ཞུ་འབུལ་དགོས་རྒྱུ།
ག༽ འདེམས་སྒྲུག་བྱེད་ཕྱོགས།
༡་སློབ་ཡོན་གྱི་ཁ་གྲངས་དང་བསླབ་གཞིའི་སློབ་ཚན་གང་གི་ཐོག་སློབ་ཡོན་གནང་འོས་མཆིས་མིན་ཨ་རི་བོད་ཀྱི་ཐེབས་རྩ་ནས་ཐག་གཅོད་གནང་རྒྱུ།
༢་ཤེས་རིག་ལས་ཁུངས་སུ་འཚང་སྙན་འབུལ་དགོས་ཤིང་། ཤེས་རིག་ནས་ཨ་རི་བོད་ཀྱི་ཐེབས་རྩར་སྙན་འབུལ་བ་རྣམས་ཀྱི་ཐོ་གཞུང་དང་དོ་བདག་གི་ལོ་རྒྱུས་སྙིང་བསྡུས་རེ་གཏོང་རྒྱུ།
༣་ཤེས་རིག་ལས་ཁུངས་ནས་འཚང་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ཁག་ལ་ཞིབ་བཤེར་གྱིས་ཆ་རྐྱེན་ཚང་བའི་སྙན་འབུལ་བའི་མཐའ་མའི་མིང་གཞུང་གཏན་འབེབས་གནང་རྒྱུ།
༤་ཤེས་རིག་ལས་ཁུངས་ཀྱིས་ཨ་རི་བོད་ཀྱི་ཐེབས་རྩར་གོ་བསྡུར་གྱིས་མཐའ་མའི་སློབ་ཕྲུག་འདེམས་སྒྲུག་གནང་རྒྱུ།
ང༽ སློབ་ཡོན་གྱི་ཁས་ལེན་དམ་བཅའ།
སློབ་ཡོན་ལས་རིམ་འདིའི་ཁོངས་འདེམས་སྒྲུག་བྱུང་བ་སུ་རུང་ལ་སློབ་ཡུན་ཆ་ཚང་གི་འགྲོ་གྲོན་ཨ་སྒོར་ ༣༠༠༠ ལས་མང་བ་ཞུ་ཐོབ་བྱུང་ཚེ་སློབ་སྦྱོང་ཐོན་རྗེས་རྒྱ་བལ་འབྲུག་གསུམ་ནང་ཡོད་བོད་པའི་སྤྱི་ཚོགས་ཁྲོད་ཉུང་མཐར་ལོ་གསུམ་རིང་ཞབས་ཞུ་བསྒྲུབ་དགོས་རྒྱུ། འདེམས་སྒྲུག་བྱུང་བའི་སློབ་ཕྲུག་རྣམས་དང་ཨ་རི་བོད་ཀྱི་ཐེབས་རྩ་བར་གན་རྒྱ་འཇོག་དགོས་པ་ད ང་གལ་ཏེ་གན་རྒྱའི་འབྲུ་དོན་ལྟར་ཞབས་ཞུ་བསྒྲུབ་མ་ཐུབ་ཚེ་སློབ་གྲོན་ཆ་ཚང་ཕྱིར་སློག་དགོས་པ་ཡིན།
ཅ༽ འཚང་སྙན་གྱི་མཐའ་མའི་དུས་བཀག
གོང་གསལ་ཆ་རྐྱེན་ཚང་ཞིང་དོན་གཉེར་བཅོས་མིན་ཡོད་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་སུ་རུང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༥ འགྱངས་མེད་ཤེས་རིག་ལས་ཁུངས་སུ་དགོས་མཁོའི་ཡིག་ཆ་ཁག་དང་འཚང་སྙན་འགེངས་ཤོག་འབུལ་འབྱོར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ།
བོད་གཞུང་ཤེས་རིག་ལས་ཁུངས་ནས།
ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༥ ལ།།
འབྲེལ་གཏུག་བྱ་ཡུལ།
Secretary
Department of Education,CTA
Gangchen Kyishong
Dharamsala-176?215
Distt Kangra
Himachal Pradesh
Ph:01892-226695,222572,222721
Fax:01892-?223481
Email:[email protected]
Website:www.tcewf.org