༢༠༡༠ ཟླ་ ༥ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བཀའ་ཤག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༦ ཉིན་གལ་ཆེའི་འབོད་སྐུལ་གྱི་གསལ་བསྒྲགས་གནང་བ་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༧།༤༩ ཐོག་ཉེ་ཆར་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་གསུམ་པར་མཆོད་འབུལ་དང་སྨོན་ལམ་རྒྱ་ཆེ་གནང་ཡོད། དེ་ཡང་གོང་ཚེས་ཉིན་བོད་མི་འདུས་སྡོད་མང་བའི་ཐའོ་ཡོན་ས་གནས་སུ་སྤྱན་རས་གཟིགས་ཀྱི་ཆོས་ཚོགས་དང་། རྒྱལ་ས་ཐའེ་པེ་ནང་བཞུགས་པའི་བོད་མི་རྣམས་དོན་གཅོད་ལས་ཁུངས་ཀྱི་འཛིན་ཁང་བཅས་ས་གནས་གཉིས་སུ་མཆོད་འབུལ་དང་སྨོན་ལམ་གོ་སྒྲིག་ཞུས་འདུག དེ་བཞིན་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་ཆོས་ཚོགས་ཁག་རྣམས་རང་རང་གི་ཆོས་ཚོགས་ནང་གོ་སྒྲིག་ཡོང་བའི་འབོད་སྐུལ་ཀྱང་ཞུས་འདུག ཕྱོགས་མཚུངས་དོན་གཅོད་ལས་ཁུངས་ཀྱི་མཆོད་ཁང་ནང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་།
བོད་མི་མང་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སོགས་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་དང་ཐེ་ཝན་ནང་གནས་སྡོད་བོད་མི། དོན་གཅོད་ལས་ཁུངས་ཀྱི་ནང་ཆོས་སློབ་མ་རྣམ་པ། དེ་བཞིན་ཐའོ་ཡོན་ས་གནས་སུ་ཡོད་པའི་བོད་མི་བཅས་ནས་དུས་གཅིག་ཏུ་སྔ་དྲོ་ཆུ་ཚོད་ ༧།༤༩ ཐོག་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས་གྲུབ་རྗེས་ཆུ་ཚོད་གཉིས་རིང་འདས་པོ་རྣམས་ཀྱི་བདུན་ཚིགས་གསུམ་པར་མཆོད་འབུལ་དང་སྨོན་ལམ་རྒྱ་ཆེ་གནང་ཡོད།