༄༅། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་ཕྱི་ལོ་ ༢༠༡༠ ལོར་ཕྱི་ལུགས་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་ཚེས་འཁེལ་རྒྱུར་སྐབས་དེེར་འཁྲུངས་ཚེས་དུས་སྟོན་གྱི་མཛད་སྒོ་རྒྱས་པ་ཞུ་རྒྱུ་དང་ཆབས་ཅིག དེ་ནས་བཟུང་ལོ་འཁོར་མོར་རྣམ་དཀར་གྱི་ལས་འཆར་མི་ཉུང་བ་ཞིག་སྤེལ་རྒྱུར་དཔལ་ལྡན་བཀའ་ཤག་ནས་དུས་སྟོན་འཆར་འགོད་དང་ལག་བསྟར་ཚོགས་ཆུང་ཟུར་འཛུགས་གནང་བའི་ཚོགས་ཆུང་གིས་ ༢༠༡༠ ཟླ་ ༢ ཚེས་ ༢༠ འཁོད་ལས་འཆར་ཞུ་སྒོ་ཁག་ཕུལ་ཁོངས་ལས་འཆར་གྲངས་ ༣༡ གཏན་འཁེལ་གནང་ཁོངས་འདི་ལས་བརྒྱུད་སྒྲུབ་དགོས་དོན་ཚན་ ༡༤ ཡོད་ཁོངས་ནས།
དོན་ཚན་ཨང་ ༡༧ ནང་གསལ།
བཙན་བྱོལ་ནང་ཡོད་པའི་བོད་མིའི་ཟ་ཁང་འཛིན་མཁན་རྣམས་ལ་ལྷ་རབ་བྱུང་ན་ཤ་རིགས་དམར་ཟས་གཉེར་ལས་འཁྲུངས་ཚེས་ནས་ལོ་འཁོར་མོར་སྤོང་རྒྱུ་དང་། དེ་ལྟར་མ་བྱུང་ཡང་༸སྐུའི་བླ་གཟའ་ནམ་འཁེལ་དང་། ཉ་སྟོང་བརྒྱད་གསུམ་བཅས་ལ་དམར་ཟས་སྤོང་ཐབས་འབོད་བསྐུལ་ཞུ་རྒྱུ་དང་།
དོན་ཚན་ཨང་ ༡༨ ནང་གསལ། འདི་ལོའི་འཁྲུངས་སྐར་ནས་རྗེས་ལོའི་འཁྲུངས་སྐར་བར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་དང་སྒེར་སོ་སོའི་དགའ་སྟོན་འདུ་འཛོམས་སར་དཀར་ཟས་ཁོ་ན་སྤྱོད་ཐབས་དང་། བོད་མི་མང་ཚོགས་ནས་ཀྱང་ལོ་འཁོར་རིང་ངམ། ཡང་ན། ༸སྐུའི་བླ་གཟའ་ནམ་འཁེལ་དང་། ཉ་སྟོང་བརྒྱད་གསུམ་བཅས་ལ་དཀར་སྐྱོང་ངེས་པར་གནང་ཐབས་ཡོང་བའི་འབོད་བསྐུལ་ཞུ་རྒྱུ།
དོན་ཚན་ཨང་ ༡༩ ནང་གསལ། འཁྲུངས་སྐར་ཉིན་མོ་དང་། དྲུག་པ་ཚེས་བཞི། དགུ་པ་ལྷ་བབས་དུས་ཆེན། ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཉིན་མོ། ཕྱི་ལོ་ ༢༠༡༡ ལོའི་ལོ་གསར། ཆོ་འཕྲུལ་དུས་ཆེན། ས་ཟླའི་དུས་ཆེན། འཛམ་གླིང་སྤྱི་བསངས་བཅས་ཀྱི་དུས་ཆེན་སོ་སོར་༸སྐུ་ཚེ་ཚེ་སྒྲུབ་དང་། སྲོག་བླུ་གང་མང་གཏོང་རྒྱུར་ས་གནས་སོ་སོའི་མང་ཚོགས་ནས་རྒྱུ་སྦྱོར་གནང་སྟེ་རྗེས་སུ་འདི་བྱས་ལས་བསྡོམས་ཆོས་རིག་ལས་ཁུངས་སུ་འབུལ་དགོས།
དོན་ཚན་ཨང་ ༢༦ ནང་གསལ། བོད་མི་གནས་སྡོད་ས་གནས་སོ་སོར་༸སྐུའི་བླ་གཟའ་ལྷག་པ་ནམ་འཁེལ་ལ་མི་མང་འདུ་འཛོམས་ཀྱིས་བསངས་གསོལ་གནང་ལམ་ཡོད་ན་བརྗོད་མེད་དང་། མེད་ན་ ༢༠༡༠ ཟླ་ ༧ ཚེས་ ༦ ༸སྐུའི་འཁྲུངས་ཚེས་ནས་བཟུང་བསངས་གསོལ་རྒྱུན་མཐུད་གནང་དགོས།
དོན་ཚན་ཨང་ ༢༧ ནང་གསལ། གཞིས་སྒར་ས་གནས་སོ་སོར་ཆེད་བཙུགས་ཡོད་པའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་སོ་སོས་འགན་འཁུར་འོག་དམངས་ཁྲོད་ནང་ནང་ཆོས་ངོ་སྤྲོད་ལས་འགུལ་སྔར་ལྷག་ཚགས་ཚུད་ཡར་རྒྱས་གཏོང་རྒྱུ་དང་། ནང་ཆོས་ངོ་སྤྲོད་ཚོགས་ཆུང་ཆེད་འཛུགས་མ་ཐུབ་པའི་ས་གནས་ཁག་ནས་ཀྱང་ཚོགས་ཆུང་ཆེད་འཛུགས་ཐུབ་ཐབས་ངེས་པར་གནང་སྟེ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་རྒྱུན་བསྲིང་གནང་ཐབས་བཅས་གོང་གསལ་དོན་ཚན་ཁག་ལྔ་ལ་འབྲེལ་ཡོད་ཚང་མས་ཕྱར་གྲུ་མཉམ་འདེགས་དང་ཐུགས་སྣང་ཟབ་བསྐྱེད་གནང་གལ་དང་འབྲེལ། མགོན་པོ་གང་ཉིད་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད། རང་ཅག་གཞིས་བྱེས་བོད་འབངས་ཡོངས་ནས་རྣམ་དཀར་དགེ་སྦྱོར་གྱི་ལས་ལ་འབད་འབུངས་ཧུར་བསྐྱེད་རྒྱུན་སྲིང་གནང་གལ་ཐོག ཁུངས་སོ་སོ་ནས་རྣམ་དཀར་ལས་དོན་ཇི་སྒྲུབ་ལས་བསྡོམས་གནང་ཐབས་འབྱུང་བའི་གལ་ཆེའི་འབོད་བསྐུལ་གསལ་བསྒྲགས་སུ།
བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་
༢༠༡༠ ཟླ་ ༥ ཚེས་ ༢༥ ལ།།