༢༠༡༠ ཕྱི་ཟླ་ ༥ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༣༠ ཉིན་རྡ་ས་གངས་སྐྱིད་ལས་བྱེད་ཀྱི་གསོལ་ཐབ་ཚོགས་ཁང་དུ་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་དང་། རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཐུན་མོང་ནས་གོ་སྒྲིག་ཐོག་བོད་ནང་གི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱའམ་ཞོགས་དུང་ལགས་ཀྱིས་བརྩམས་པའི་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་བསྐྱར་དཔར་གྱིས་དབུ་འབྱེད་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་ཁག་གཅིག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི། ཤེས་ཡོན་སྡེ་ཚན་ཁག་གི་མི་སྣ། སློབ་ཕྲུག་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༡༠༠ བརྒལ་བ་ཚང་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་དང་། དེ་བཞིན་བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་ངག་བཅད་སྐར་མ་གཅིག་ཞུས་རྗེས་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་བདེན་མཐའ་སེལ་རྒྱུའི་ཆེད་དུ་རྒྱུན་གཏན་ནས་ངོས་འཛིན་ག་རེ་ཞུ་གི་ཡོད་དམ་ཞེ་ན།
སྟོབས་ཆེན་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་། གལ་ཏེ་རྒྱལ་ཁབ་དེའི་ནང་དབང་སྒྱུར་འོག་གནས་པའི་མི་མང་དེ་དག་ལ་བདེ་སྐྱིད་མེད་ན། གཞུང་དེ་བརྟན་པོ་མེད་པ་ཞིག་ལོ་རྒྱུས་ཐོག་ནས་ཆགས་ཡོད། རྒྱ་ནག་གུང་ཁྲན་གཞུང་གིས་བོད་རྒྱལ་ཁབ་བཙན་འཛུལ་བྱས་ཏེ་ལོ་ངོ་ལྔ་ཅུ་ནང་ཕྱི་ནང་གང་ལ་བལྟས་ཀྱང་བོད་མི་རྣམས་བློ་ཁ་ཚིམས་མེད་པ་གསལ་པོ་རེད། བོད་ནང་རང་སྲོག་བློས་བཏང་གིས་རྣམ་འགྱུར་འདྲ་མིན་ཐོག་ནས་གཞས་གཏོང་མཁན་དང་། རྩོམ་འབྲི་མཁན། སྒྲུང་འབྲི་མཁན་སོགས་ནས་སོ་སོའི་ལས་རིགས་ཀྱི་སྒོ་ནས་བོད་མི་རིགས་ཀྱི་འཐབ་རྩོད་བསྒྲུབ་རྒྱུའི་ཆེད་ཕྱག་ལས་གནང་མཁན་དེ་དག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གུས་འདུད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞིས་ལུས་བོད་མི་རྣམས་ཀྱིས་བསམ་བློ་བཏང་སྟེ་རིག་པ་སྒྲིམ་ནས་གོམ་པ་ཞིག་སྤོས་ཡོང་དུས་ང་ཚོ་ཕྱི་ལ་ཡོད་པའི་བོད་མི་ཚོས་གོམ་པ་མཉམ་རུབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག དེ་བཞིན་འདི་ལོ་ལྷོ་ཕྱོགས་སུ་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཐོག་ཕྱི་ཟླ་བརྒྱད་པའི་ནང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་ང་ཚོའི་རེ་བར་ཆབ་སྲིད་ཐད་ལ་ཡིན་ནའང་། དབུ་མ་དང་རང་བཙན་གྱི་རྩོད་པ་མ་ཡིན་པར་ཆབ་སྲིད་གནས་བབ་ཐོག་ད་ལྟ་ང་ཚོས་བྱེད་རྒྱུ་ག་རེ་འདུག བོད་ནང་ལས་འགུལ་སྤེལ་ནས་འདི་གར་ཕེབས་པ་མང་པོ་ཡོད། རང་སྲོག་བློས་བཏང་སྟེ་རང་དབང་ཅན་གྱི་ས་ཆར་བསླེབས་དུས་ཁོང་ཚོའི་ནུས་པ་བེད་སྤྱོད་གཏོང་སྟངས་གང་འདྲ་ཡོད། ང་ཚོའི་སྤྱི་ཚོགས་ནང་བློ་ཁ་མ་ཚིམས་པ་ཡོད་པ་དེ་དག་གིས་དགོངས་འཆར་བྱུང་ན་ཚང་མ་ཁས་ལེན་མ་བྱུང་ནའང་བགྲོ་གླེང་གི་ལམ་ཞིག་ཡོང་གི་རེད། དེ་བཞིན་དེབ་འདི་ལྟ་བུ་ཞིག་བསྐྱར་དཔར་གནང་ཐུབ་བ་དེ་ཧ་ཅང་ཡག་པོ་བྱུང་འདུག བོད་ཀྱི་རྩ་དོན་དང་མི་རིགས་ཀྱི་བདེ་དོན་ལ་འབྲེལ་བ་ཆགས་ཡོད་སྟབས། འབྲེལ་ཡོད་ཕྱག་ལས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གྲུབ་རྗེས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པ་རྣམས་ལ་ཕྱི་དྲིལ་བཀའ་བློན་གྱི་མིང་ཐོག་ནས་འཚམས་འདྲི་ཞུ་གི་ཡོད།
ང་ཚོ་རང་དབང་རྒྱལ་ཁབ་ནང་བསྡད་ཡོད་ཀྱང་སེམས་པ་གཞིས་བཞུགས་བོད་པ་རྣམས་དང་མཉམ་འདྲེས་ཀྱི་སྡུག་བསྔལ་མཉམ་ཁུར་སེམས་གཏིང་ནས་བྱེད་བཞིན་ཡོད། བོད་ཀྱི་ལོ་རྒྱུས་ལ་ཕྱི་བལྟས་ཤིག་བརྒྱབ་ན། རྒྱལ་སྤྱིའི་ནང་བོད་ཀྱི་ལོ་རྒྱུས་མ་ཤེས་པའི་ཐོག་ནས་བོད་ལ་དཀའ་ངལ་འཕྲད་པ་ཞིག་ཡིན། སྐབས་དེའི་ཕྱག་དེབ་ཡོད་པ་དེ་དག་མང་ཆེ་ཆོས་ཕྱོགས་ཙམ་ལས་བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་གནས་སྟངས་ཐོག་དེབ་རྩོམ་སྒྲིག་བྱས་ཏེ་འགྲེམས་སྤེལ་བྱེད་རྒྱུའི་གོ་སྐབས་ཡག་པོ་ཞིག་ང་ཚོས་སྐྲུན་མ་ཐུབ་པའི་རྐྱེན་གྱི་རྒྱལ་སྤྱིའི་ནང་བོད་པའི་སྐོར་ཤེས་མཁན་དཀོན་པོ་ཡིན་པ་ཞིག་ཆགས་ཡོད། འོན་ཀྱང་དེང་སྐབས་བོད་ཀྱི་ལོ་རྒྱུས་གང་ཙམ་ཞིག་ཕྱི་ཕྱོགས་སུ་ཡོངས་གྲགས་ཆགས་ཡོད་ལ་བོད་ནང་བཞུགས་མཁན་ལས་འགུལ་སྤེལ་མཁན་ཚོར་སོ་སོའི་སྲོག་དང་། མི་ཚེའི་མདུན་ལམ་སོགས་ལ་དཀའ་ངལ་འཕྲད་དང་འཕྲད་མུས་ཡིན། དེ་བཞིན་རྩོམ་པ་པོ་ཞོགས་དུང་ལགས་ཀྱི་དང་པོ་དགེ་རྒན་གྱིས་ཕྱག་ལས་གནང་བ་དང་། དེ་ནས་རྩོམ་སྒྲིག་པའི་ཕྱག་ལས་གནང་སྟེ་གྲགས་ཅན་རྩོམ་པ་པོ་ཞིག་ཡིན།
ང་ཚོའི་བོད་མི་རིགས་ཀྱི་ཐོབ་ཐང་དང་། བདེན་པའི་གནས་ཚུལ་ཐོག་འགན་བཞེས་ཏེ་སྲོག་བློས་གཏོང་རྒྱུ་དང་ནང་མིར་དཀའ་ངལ་ཡོད་པ་ཤེས་བཞིན་དུ་དེ་རིང་གི་གནམ་ས་གོ་འབྱེད་ཙམ་མ་ཟད། དེའི་སྔོན་དཔྱོད་ཤེས་རྒྱང་འབོད། ཞེས་པ་བརྩམས་སྟེ་བོད་ནང་གི་བསམ་བློའི་རྣམ་པ་གསར་པ་ཞིག་གི་ཐོག་ནས་རྨོངས་གཉིད་དཀྲོག་པ་སོགས་རྩོམ་སྒྲིག་མང་པོ་གནང་བ་ལ་བརྟེན། རྒྱ་ནག་གཞུང་གིས་དོ་སྣང་གི་སྲུང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། སྐྱེ་རྒུ་མདོར་ས་ཡོམ་གྱི་གནས་ཚུལ་བྱུང་རྗེས་ཁོང་དང་རྩོམ་པ་པོ་བདུན་ཙམ་ནས་རྩོམ་ཡིག་ཅིག་བྲིས་བའི་ནང་ས་ཡོམ་ཁྲོད་དཀའ་ངལ་ཡོད་པ་དེ་དག་ལ་རོགས་རམ་གང་བྱུང་བ་དེ་ས་གནས་ས་ཐོག་བསྐྱོད་ཐུབ་པ་དགོས་ཀྱི་འདུག རྒྱ་གཞུང་ལ་ཡིད་ཆེས་བྱེད་རྒྱུ་མེད་པའི་གནས་ཚུལ་འདུག ཅེས་འདི་ལྟ་བུ་ནི་གནས་སྟངས་ཛ་དྲག་ཅིག་གི་འོག་གསུངས་ཡོད།
དེ་ཚོ་དང་ནམ་རྒྱུན་ནས་བོད་ཀྱི་རྩ་དོན་ཐོག་རྩོམ་ཡིག་བྲིས་པ་དེ་ཚོའི་ཉེར་ལེན་ལ་བརྟེན་ནས་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་འཛིན་བཟུང་བྱས་ཡོད། འདས་པའི་ལོ་དྲུག་ཅུ་ལྷག་ཙམ་ནང་བོད་མིའི་ཚེ་སྲོག་ཤོར་བ་དང་དཀའ་ངལ་མྱངས་དང་མྱོང་བཞིན་པའི་གནས་སྟངས་འདི་ཚོ་མ་འོངས་པའི་མི་རབས་ཚོར་དེ་འདྲ་མི་ཡོང་བའི་ཆེད་རྩོམ་ཡིག་སྤེལ་བ་མ་ཟད། སོ་སོ་བློས་བཏང་བྱས་ཏེ་རྒྱལ་ཞེན་གྱི་ཚོར་བ་གཅིག་པུ་མ་ཡིན་པར་ལག་ལེན་བསྟར་མཁན་རྣམས་ལ་རྗེས་སུ་ཡི་རང་དང་གུས་བརྩི་ཞུ་རྒྱུ་ཡིན། ཞོགས་དུང་ལགས་ནས་རང་སྲོག་བློས་བཏང་གིས་བརྩམས་ཡོད་ཀྱང་རྒྱ་མིའི་བཙན་དབང་འོག་སྤར་འགྲེམས་ཀྱི་གོ་སྐབས་མེད་པར་ལྷག་ཡོད། ང་ཚོ་ཕྱི་ལ་ཡོད་པའི་བོད་མི་ཚོས་ལས་མཇུག་བསྐྱལ་དེ་དཔར་སྐྲུན་གནང་བ་དེར་ངས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཞེས་གསུང་བཤད་གནང་ཡོད། དེ་རྗེས་ས་གནས་རྒྱུན་ལས་ཚོགས་གཙོ་ཨ་ལོ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་དངོས་གཞི་གྲོལ། དེ་ནས་གནམ་ས་གོ་འབྱེད་དང་འབྲེལ་བའི་བགྲོ་གླེང་ཚོགས་པར་གསུང་བཤད་གནང་མཁན་ནོར་གླིང་བོད་གྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་པ་པོ་སངས་རྒྱས་བསྟན་དར་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་ཀྱི་གནམ་ས་གོ་འབྱེད་ལ་བོད་ཕྱི་ནང་ནས་ངོས་འཛིན་བྱེད་སྟངས་དང་། ས་བྱི་ཞི་རྒོལ་ཆེན་མོའི་འབྱུང་རྐྱེན་དང་དེའི་རིན་ཐང་། བོད་དོན་བདེན་མཐའ་སེལ་བའི་ཐབས་ལམ་དང་དེའི་རིན་ཐང་སྐོར་བཅས་ཀྱི་བརྗོད་གཞིའི་ཐོག་སྐར་མ་ཉི་ཤུ་ཙམ་གསུང་རྗེས་དྲི་བ་དྲིས་ལན་ལྷུག་པོ་གནང་ཡོད་པ་བཅས།།