༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་མེ་ཌི་སན་ཁུལ་གྱི་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་ཨ་རིའི་ཨ་ཡོ་བ་ (Iowa) མངའ་སྡེའི་ནང་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཉིན་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོང་ཀོང་ནས་ཕེབས་པའི་རྒྱ་མི་གསར་འགོད་པ་གཅིག་གིས་ཆུ་ཚོད་གཅིག་ཙམ་རིང་བཅར་འདྲི་ལ་བཀའ་ལན་མཛད་ཡོད་པ་དང་། དེ་རྗེས་བྱང་ཕྱོགས་ཨ་ཡོ་བའི་གཙུག་ལག་སློབ་ཁང་ (Northern Iowa University) གི་མེག་ལོཌ་ཚོགས་ཁང་ཆེན་མོའི་ནང་། འཚེ་མེད་ཞི་བའི་འཛམ་གླིང་བསྐྲུན་རྒྱུའི་སློབ་སྟོན།ཞེས་པའི་བརྗོད་གཞིའི་ཐོག་ཚོགས་པའི་ཚོགས་འདུའི་ཚོགས་མགོན་དུ་༸ཞབས་སོར་འཁོད། ཚོགས་འདུའི་སྐབས་སློབ་གྲྭ་དང་ཚོགས་པ། ལས་ཀ་བྱེད་ཡུལ་ས་གནས་སོ་སོའི་ནང་འཚེ་བའི་བྱ་སྤྱོད་ཀྱི་གནས་སྟངས་འབྱུང་བཞིན་པ་དེར་ཤེས་ཡོན་བརྒྱུད་ནས་བསམ་ཤེས་གོང་མཐོར་གཏོང་བ་དང་། ཞི་དུལ་སྤྱི་ཚོགས་ཤིག་བསྐྲུན་པའི་ཐོག་དཀའ་ངལ་དེ་ཇི་ལྟར་སེལ་ཐུབ་མིན་བགྲོ་གླེང་བསྐྱངས་ཡོད། སྐབས་དེར་ཐོག་མར་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་རྣམས་ནས་གཞོན་སྐྱེས་ཁག་དང་སྤྱི་ཚོགས་ནང་ཉམ་ཐག་མི་སེར་ཚོར་སློབ་གསོ་སྤྲོད་རྒྱུའི་མཚོན་ཉམས་མྱོང་ཇི་བྱུང་ངོ་སྤྲོད་གནང་།
དེ་རྗེས་ཁོང་རྣམས་ཀྱིས་༸གོང་ས་མཆོག་ལ་དྲི་བ་ཕུལ་བ་རྣམས་ལ་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་བཀའ་སྩལ་དོན། ངོས་རང་ཨ་ཡོ་བའི་ནང་ཐེངས་དང་པོ་སླེབས་པའི་སྐབས་འདིར་ཚོགས་འདུའི་གྲོས་བསྡུར་ལྷུག་པོ་འདི་ལྟ་བུའི་ནང་མཉམ་ཞུགས་བྱ་རྒྱུ་བྱུང་བར་དགའ་པོ་ཞེ་དྲག་བྱུང་ཞེས་བཀའ་སྩལ་ཡོད་པ་མ་ཟད། ཚོགས་བཅར་བ་སོ་སོའི་ཉམས་མྱོང་གང་བྱུང་བ་རྣམས་བརྗེ་ལེན་གནང་བར་བསྔགས་བརྗོད་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ངོས་ཀྱི་བསམ་ཚུལ་ལྟར་ན་འཛམ་གླིང་ནང་འཚེ་བའི་ལས་ལ་འཇུག་མཁན་ནི་མི་ཧ་ཅང་ཉུང་ཤས་ཤིག་ཡིན། ཀླད་པའི་རྣམ་དཔྱོད་ཡར་རྒྱས་བཏང་བའི་ཐོག་སེམས་ལའང་སློབ་གསོ་གཏོང་དགོས། ཤེས་ཡོན་གྱི་ལམ་ལུགས་ནང་བཟང་སྤྱོད་ཀྱི་རྣམ་གཞག་འཇུག་རྒྱུ་གལ་ཆེ། བྱམས་བརྩེ་ལྡན་པའི་བསམ་བློ་བསྐྲུན་ཐུབ་ཚེ་མི་ཚད་ཉིད་ཚང་བ་ཞིག་ཡོང་རྒྱུ་དང་། དེ་འདྲ་བྱུང་ཚེ་ཁྱིམ་ཚང་ཞི་བདེ་ཅན་ཡོང་བ་མ་ཟད། དེ་བརྒྱུད་སྤྱི་ཚོགས་བཟང་པོ་ཞིག་བསྐྲུན་ཐུབ་ཅེས་བཀའ་སློབ་སྩལ་ཡོད་པ་བཅས།།