༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ཨ་ཡོ་བ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ཏུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་ནེའུ་ཡོག་གནམ་ཐང་དུ་ཆིབས་སྒྱུར་སྐྱོང་སྐབས་ཨ་རིར་རྟེན་གཞི་བྱས་པའི་ཀུན་ཁྱབ་ཐར་འདོད་གླིང་ནང་པའི་ཆོས་ཚོགས་ཀྱི་འགན་འཛིན་ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྙན་གྲགས་ཅན་རི་ཆཌ་གྷེ་རི་ལགས། (Richard Gere) ཨ་རིའི་བོད་གཞུང་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་ལྷོ་ཨ་རིའི་འབྲེལ་མཐུད་ལས་ཁུངས་ཀྱི་ཚེ་དབང་ཕུན་ཚོགས་ལགས་བཅས་ཕེབས་བསུར་བཅར་ཡོད། གནམ་ཐང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་བསྟུན་སྐུ་ཚབ་དོན་བཅོད་ལས་ཁུངས་ནས་གོ་སྒྲིག་ཞུས་པ་བཞིན་སྐྱེ་རྒུ་མདོ་ཁུལ་དུ་ནང་མི་སྤུན་གཉེན་ཡོད་པའི་བོད་མི་སུམ་ཅུའི་སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།
ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གྲུབ་མཚམས་བོད་ཀྱི་བསྟི་གནས་ཁང་ (Tibet Center) གི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་ཙམ་དང་། དེ་བཞིན་གཞས་པ་གྲགས་ཅན་ཀྲོ་ནི་བེ་ན་ཊི་ (Tony Bennett) བཅས་དང་མཇལ་འཕྲད་མཛད་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ར་སྟོད་སྐྱོོང་བླ་རིན་པོ་ཆེ་མཆོག་ནི་ལྷག་བསམ་དང་ཤེས་ཡོན་ཅན་ཞིག་ཡིན་ཞེས་བསྔགས་བརྗོད་མཛད་པ་དང་། ཁོང་མགོན་པོ་གང་ཉིད་མཆོག་དང་དགེ་བའི་བཤེས་གཉེན་གཅིག་གི་སློབ་མ་ཡིན་སྐོར་བཀའ་སྩལ་ཡོད། ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རི་ཆཌ་གྷེ་རི་ལགས་སུའང་བོད་པའི་ཆོས་ཙམ་མ་ཟད་། བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་གྱི་བོད་པའི་འགྱུར་བ་མེད་པའི་ གྲོགས་པོ་ཞིག་ཡིན་ཞེས་བསྟོད་བསྔགས་མཛད་ཡོད།
དེ་ནས་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་དྲི་བ་འབུལ་རྒྱུའི་གོ་སྐབས་གསོལ་སྩལ་གནང་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནང་ཆོས་ནང་ཆོས་ལུགས་འཐེན་འཁྱེར་གྱི་གནད་དོན་ལ་གཟིགས་ཕྱོགས་ཇི་འདྲ་ཡོད་མེད་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། གནད་དོན་འདིའི་ཐོག་ལྟ་ཚུལ་རིམ་པ་མི་འདྲ་བ་གཉིས་ཡོད། དང་པོ་དེ་འཛམ་གླིང་གི་ཆོས་ལུགས་ཚང་མའི་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བ་སོགས་ཀྱི་བསླབ་བྱ་ཡོད་པ་གཅིག་མཚུངས་ཡིན། ངོས་རང་ནང་ཆོས་ལ་ཡིད་ཆེས་ཡོད་བཞིན་དུ་ཆོས་ལུགས་གཞན་ལའང་གུས་བརྩི་དང་བསྔགས་བརྗོད། རྗེས་སུ་ཡི་རང་བྱེད་ཀྱི་ཡོད། ངོས་རང་ཁ་ཆེའི་ལྷ་ཁང་དང་། ཡེ་ཤུའི་ལྷ་ཁང་། ཧིན་ལྷུའི་ལྷ་ཁང་སོགས་སུ་འགྲོ་གི་ཡོད། རིམ་པ་གཉིས་པ་ནི་ནང་ཆོས་དེ་སྲོལ་རྒྱུན་ནས་བརྗོད་ན་གཙོ་བོ་པ་ལི་དང་ལེགས་སྦྱར་གྱི་སྐད་ཡིག་གཉིས་ཀྱི་ནང་ནས་དར་སྲོལ་བྱུང་ཡོད། ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་དེ་གཉིས་ཀར་ཡིད་ཆེས་དགོས། མ་ཧཱ་ཡ་ནའི་སྲོལ་རྒྱུན་གྱི་རྗེས་སུ་འབྲང་མཁན་དཔལ་ནཱ་ལནྡྲའི་མཁས་པའི་བཞེད་སྲོལ་གཙོ་བོར་འཛིན་མཁན་རྒྱ་མིའི་ནང་པ་དང་ཉི་ཧོང་གི་ནང་པ། ཀོ་རི་ཡའི་ནང་པ། བོད་པའི་ནང་པ་སོགས་རྩ་བ་ཁུངས་གཏུགས་ས་གཅིག་པ་ཆགས་ཡོད། བོད་པའི་ནང་ཆོས་ནང་དུའང་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། ཇོ་ནང་སོགས་ཡོད་པ་ཚང་མས་ནཱ་ལེནྡྲའི་བཞེད་སྲོལ་གྱི་རྗེས་སུ་འབྲང་མཁན་ཡིན། ངོས་ཀྱིས་ཆོས་ལུགས་ཚང་མར་དོ་སྣང་བྱེད་དགོས་པ་བརྗོད་ཀྱི་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཚང་མས་ལངས་ཕྱོགས་དེ་ཟུང་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ།།