༢༠༡༠ ཟླ་ ༥ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་ཀྱིས་ས་གནས་མི་འབོར་ཞིབ་བཤེར་ལས་བྱེད་པ་ཚོར་མཐུན་འགྱུར་བྱེད་དགོས་པའི་སྐུལ་མ་མཛད་ཡོད། དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༧ རེ་གཟའ་པ་སངས་ཉིན་རྒྱ་གར་མི་འབོར་ཞིབ་བཤེར་བ་སྐུ་ཞབས་སྦི་ཨར་ཆུ་ཧན་ (B.R Chauhan) ལགས་ཀྱི་ (ANI) གསར་ཁང་ལ་བརྗོད་དོན། ང་ཚོ་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་དུ་བཅར་སྐབས་ཁོང་གིས་སྤྲོ་བ་ཆེན་པོས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བཀང་གནང་མཛད་པ་མ་ཟད། ཁོང་རྒྱ་གར་དུ་མི་ལོ་ ༥༠ རིང་གནས་ཡོད་པ་དང་། བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་གིས་་ཕྱི་ལོ་ ༢༠༡༡ ལོའི་མི་འབོར་ཞིབ་བཤེར་ནང་བརྩིས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་གནང་ཡོད་པ་གསུངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོས་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་གནང་ཚེ་དམིགས་བསལ་ངོ་སྤྲོད་ལག་འཁྱེར་ (Unique Identity Card) རག་ངེས་ཡིན་ཞེས་བཀའ་སྩལ། བཙན་བྱོལ་ནང་གནས་སྡོད་བོད་མི་ཚོ་རྒྱ་གར་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༡༡ ལོའི་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཐེངས་མ་དང་པོ་དེ་ཐོབ་ཡོད་པ་བཅས།།