༢༠༡༠ ཟླ་ ༥ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༩ ཉིན་རྡ་སའི་རྒྱ་གར་གཞུང་འབྲེལ་མིན་པའི་སེང་གེའི་ཚོགས་པ་ (Lion`s Club Dharamsala) ཞེས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སར་༸ཞབས་སོར་འཁོད་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བར་གུས་འདུད་མཚོན་ཆེད་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད། སྐབས་དེར་རྒྱ་གར་གྱི་སློབ་དཔོན་ཤར་མ་མཆོག་དང་། ཡུལ་མི་རྒན་རབས་ཁག་གཅིག་གི་གཙོས་ས་གནས་ཡུལ་མི་དང་། དེ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཆེད་ཕེབས་གནང་ཡོད། མཛད་སྒོ་དེའི་ཐོག་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། འདི་གར་ཕེབས་པའི་ཆོས་ཀྱི་དབུ་ཁྲིད་དང་། ཆོས་གྲོགས་ཕོ་མོ་ཚོ། ངོས་རང་དང་ཡུན་རིང་འགྲོགས་པའི་མཛའ་གྲོགས་ཚོ། དེ་བཞིན་ཁོང་ཚོའི་བུ་ཕྲུག་བཅས་ཐུག་པར་ཧ་ཅང་དགའ་པོ་བྱུང་། ངོས་ཀྱིས་ལོ་ ༥༠ གོང་གི་ཆོས་གྲོགས་ཚོའི་ཞལ་རས་མཐོང་དུས་ད་ཆ་ཚང་མ་ལོ་ན་རྒས་འདུག ངོས་རང་ཡང་རྒས་ཡོད། མི་གཅིག་གི་མི་ཚེའི་ནང་ལོ་ ༥༠ ཟེར་དུས་དུས་ཚོད་རིང་པོ་རེད། འོན་ཀྱང་གཙོ་ཆེ་ཤོས་རང་ཉིད་འཚོ་བའི་རིང་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་རེད། གནས་སྟངས་དེའི་འོག་ངོས་ཀྱིས་ལོ་ངོ་ལྔ་བཅུར་ཕྱི་མིག་ལྟ་སྐབས་བཙན་བྱོལ་བ་བྱས་ནས་མི་ཚེ་བསྐྱལ་ཡོད། རྒྱ་གར་གཞུང་གི་མགྲོན་པོ་ཡུན་རིང་ཤོས་གནས་མཁན་ཞིག་ཆགས་ཡོད། མ་སུ་རིར་ལོ་གཅིག་དང་ཧི་མ་ཅལ་ནང་ལོ་ ༥༠ བཅས་ལོ་ ༥༡ ཙམ་ཕྱིན་པ་རེད། དུས་སྐབས་དེའི་རིང་རྒྱ་གར་ནང་གི་རང་དབང་དང་།ལོ་ངོ་བརྒྱ་ཕྲག་རིང་ནས་ང་ཚོ་དང་རྒྱ་གར་དབར་འབྲེལ་བ་ཡོད་པ་དེ་དག་དང་། རྒྱ་གར་གྱི་འབྲེལ་ཡོད་མི་མང་ཚོ་དང་། གཞུང་གི་ཆབ་སྲིད་ཚོགས་པ་ཇི་ཡིན་ལ་མ་ལྟོས་པར་རྒྱབ་སྐྱོར་གནང་བར་བརྟེན། འདས་པའི་མི་ལོ་ ༥༡ ཙམ་སོང་བ་དེའི་རིང་ངོས་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་ཐུབ་ཡོད། བཙན་བྱོལ་གྱི་མི་ཚེ་དེའི་རིང་ངོས་སྒེར་ལ་ཆ་བཞག་ན་རིག་གཞུང་གཞན་ནས་སློ་སྐྱེས་ལེན་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཐོབ་བྱུང་། དང་ཐོག་དེར་ཆོས་ལུགས་གཞན་ནས་བསླབ་བྱ་ལེན་རྒྱུ་དང་། གཉིས་པ་དེར་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་འགའི་རིང་ནས་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། ཆོས་ལུགས་མཐུན་སྒྲིལ་བཅས་ལ་གཞི་བཅོལ་བའི་ལེགས་བྱང་གི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་བྱུང་བ་མ་ཟད། དུས་སྐབས་དེའི་རིང་ངོས་ལ་མི་སྣ་འདྲ་མིན་དང་ཐུག་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང་། མི་དང་མི་གཅིག་པ་ཡིན་པའི་འདུ་ཤེས་འཛིན་པའི་ཐོག་ནས་མི་གཞན་དང་ཐུག་འཕྲད་བྱེད་ཀྱི་ཡོད། གནས་སྟངས་དེའི་འོག་སྲིད་འཛིན་ཡིན་ནའང་འདྲ། རྒྱལ་པོ་དང་བཙུན་མོ་དེ་བཞིན་སློང་མོ་བའི་བར་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། བསམ་བློ་དང་། སེམས་ཚོར། ལུས་ཕུང་གང་གི་ཆ་ནས་ཀྱང་ང་ཚོ་ཚང་མ་གཅིག་པ་རེད། མི་འབོར་དུང་ཕྱུར་དྲུག་ཡོད་པ་ཚང་མ་གཅིག་མཚུངས་ཡིན། གནས་སྟངས་དེ་འདྲ་ཡིན་དུས་ང་ཚོ་ཕན་ཚུན་ལས་སླ་པོའི་ཐོག་ནས་འབྲེལ་བ་བྱེད་ཐུབ།
ངོས་རང་གང་དུ་ཕྱིན་ཡང་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཡིན་བསམས་པའི་འདུ་ཤེས་འཛིན་བཞིན་ཡོད། ཆོས་ལུགས་དང་། མི་རིགས། རྒྱལ་ཁབ་འདྲ་མིན་ཡིན་པ་དེ་དག་གནས་སྟངས་གཉིས་པ་ཆགས་ཡོད། དངོས་གནས་བྱས་ན་ང་ཚོས་བཟོས་པའི་དགོས་མེད་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པ་དེ་དག་གནས་སྟངས་གཉིས་པ་དེར་བསམ་བློ་བཏང་ཆེ་དྲགས་པར་བརྟེན་ནས་ཡོང་གི་ཡོད། ང་ཚོ་འགྲོ་བ་མི་རིགས་གཅིག་པ་ཡིན་པ་དེ་བརྗེད་འགྲོ་གི་ཡོད། དེར་བརྟེན་ངོས་རང་གང་དུ་བསྐྱོད་ཀྱང་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་དང་། ཁྱེད་ལ་བདེ་བ་འདོད་པ་བཞིན་ངོས་ལའང་བདེ་བ་འདོད། ངོས་ཀྱི་མ་འོངས་པ་ཇི་འདྲ་ཡོང་མིན་དེ་ཁྱེད་ལ་བརྟེན་ཡོད་སྟབས་ངོས་ལ་ཁྱེད་དགོས་ངེས་ཤིག་ཆགས་ཡོད།
དེར་བརྟེན་ངོས་ཀྱིས་ཁྱེད་རང་གི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད།གནས་ཚུལ་དེ་རྩ་ཆེ་ཆུང་གི་སྐད་ཆ་གང་ཡང་མིན་པར་སོ་སོ་རང་ཉིད་ཀྱི་བདེ་དོན་ཡིན། གཞན་གྱི་བདེ་སྡུག་ལ་ཇི་ཙམ་བསམ་བློ་བཏང་བ་དེའི་ཚོད་ཀྱི་མཐའ་མ་དེར་རང་ལ་གཞན་གྱིས་འཛུམ་མདངས་སྟོན་མཁན་མང་དུ་འགྲོ་བ་དང་། གྲོགས་པོ་མང་བ་ཡོང་གི་ཡོད། གནས་ཚུལ་དེ་གཞི་རིམ་གྱི་གནས་སྟངས་ཤིག་ཆགས་ཡོད། དེ་འདྲ་ཞིག་ཡོང་བར་ང་ཚོས་རྒྱབ་ལྗོངས་ཀྱི་ལྟ་གྲུབ་དང་། ཆོས་ལུགས་ལ་བརྟེན་དགོས་པ་གང་ཡང་མ་ཆགས་པར། ང་ཚོར་མས་སྦྱིན་པའི་རྔན་པ་རྩ་ཆེ་ཤོས་ཀྱི་འགྲོ་བ་མིའི་རྒྱུད་ལ་ཡོད་པའི་བྱམས་བརྩེའི་བསམ་བློ་དང་། འགྲོ་བ་མིའི་བརྩེ་གདུང་དེ་ཙམ་བེད་སྤྱོད་བྱས་ནས་ཡོོང་ཐུབ་པ་ཞིག་རེད། དེ་ལྟར་བྱས་ཚེ་རང་གཞན་ཚང་མར་འདོད་བློ་ཚིམས་པ་ཡོང་ངེས་པ་མ་ཟད། ཐབས་ལམ་དེའི་ཐོག་ནས་ང་ཚོས་དཀའ་ངལ་མང་པོ་ཞིག་སེལ་ཐུབ། དེ་འདྲ་ཞིག་ལ་དུས་རྒྱུན་ངོས་ཀྱིས་ཀུན་ཁྱབ་འགན་ཁུར་གྱི་བསམ་བློ་ཞེས་བརྗོད་ཀྱི་ཡོད། ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོ་མི་རེ་ངོ་རེར་འགྲོ་བ་མིའི་སྤྱི་ཚོགས་དེ་བཟང་དུ་གཏོང་རྒྱུའི་ནུས་པ་ཡོད། དང་པོ་རང་ཉིད་ཀྱི་ཁྱིམ་ཚང་བཟང་དུ་གཏོང་རྒྱུ་དང་། དེ་ནས་རྒྱལ་ཁབ། དེ་ནས་གོ་ལ་ཁྱོན་ཡོངས་ཀྱི་གནས་སྟངས་བཟང་དུ་གཏོང་ཐུབ། འདས་པའི་ལོ་ ༥༠ རིང་སྤྱིར་ལུས་པོ་ཉིན་རེ་ཉིན་རེ་རྒས་འགྲོ་གི་ཡོད་པ་དེ་འགོག་ཐབས་གང་ཡང་མེད། ཉམས་རྟོགས་ཀྱི་རྫུ་འཕྲུལ་གང་གིས་ཀྱང་འགོག་ཐབས་མེད། དེ་ལས་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་གལ་ཆེ། ང་ཚོ་རྙོག་གྲ་བཟོ་མཁན་ཞིག་མ་ཆགས་པར་གཞན་ལ་གང་ཐུབ་ཕན་པ་གྲུབ་མཁན་ཞིག་ཆགས་ཐུབ་པ་ཡིན་ན། རང་བཞིན་གྱིས་སོ་སོ་རང་ཉིད་ལ་ཁེ་ཕན་ཡོང་། འདས་པའི་མི་ལོ་ ༥༡ ཙམ་གྱི་དུས་ཡུན་དེའི་ནང་ངོས་ལ་གོ་སྐབས་གསར་པ་ཞིག་དང་བཟང་པོ་ཞིག་ཐོབ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དེ་རིང་འདིར་གསུང་བཤད་གནང་མཁན་ཚང་མས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བླངས་པ་དང་། དེ་བཞིན་ཁོར་ཡུག་གི་གནས་སྟངས་གལ་ཆེ་ཡིན་སྐོར་གྱི་གསུང་བཤད་གནང་བར་ངོས་ཀྱིས་བསྔགས་བརྗོད་ཚད་མེད་ཞུ་རྒྱུ་ཡིན། ཁོར་ཡུག་གནས་སྟངས་དེ་དངོས་ཡོད་ཐོག་ཧ་ཅང་གལ་ཆེ་ཞིག་ཆགས་ཡོད། ང་ཚོས་དམིགས་བསལ་གྱི་སྲུང་སྐྱོབ་མ་བྱས་ཚེ་ཁོར་ཡུག་ཉམས་ཆག་འགྲོ་རྒྱུ་ངེས་པ་རེད།གང་ཡིན་ཟེར་ན་ང་ཚོའི་འཚོ་ཐབས་ཀྱི་རྣམ་པ་དེ་འགྱུར་བ་འགྲོ་བཞིན་པ་མ་ཟད། གཞི་རྩའི་མི་འབོར་འཕེལ་རྒྱས་ཕྱིན་པ་དེར་ཐུག་ཡོད། གདོད་མའི་དུས་སྐབས་རྒྱ་གར་ལྟ་བུར་ཆ་བཞག་ན་ས་ཁྱོན་ཆེན་པོ་ཡིན། སྐབས་དེར་མི་འབོར་ཡང་ད་ལྟ་ལས་ཉུང་བ་ཡོད། འོན་ཀྱང་ད་ལྟའི་འཆར་མི་འབོར་ཆེ་རུ་ཕྱིན་ཡོད། དེར་བརྟེན་ང་ཚོས་ཁོར་ཡུག་གནས་སྟངས་ཐོག་དམིགས་བསལ་དོ་སྣང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བཞིན་ཡོད། ངོས་རང་གང་དུ་བསྐྱོད་ཀྱང་གནས་ཚུལ་དེ་དག་གསལ་བཤད་ཞུ་གི་ཡོད། དེ་ནས་ངོས་ཀྱི་ཡུན་རིང་གི་མཛའ་གྲོགས་སློབ་དཔོན་ཤར་མས་བོད་པའི་གནས་སྟངས་དང་། བོད་པའི་དཀའ་ངལ་སྐོར་གསལ་བཤད་གནང་སོང་བར་ངོས་ཀྱི་བསྔགས་བརྗོད་ཞུ་རྒྱུ་མ་ཟད། གསུང་བཤད་གནང་མཁན་འགའ་ཤས་ཀྱིས་གནད་དོན་དེའི་སྐོར་གསུངས་བ་དེར་ངོས་ཀྱིས་བོད་མི་རྣམས་ཀྱི་ཚབ་བྱས་ནས་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་མུམ་བྷེ་ནས་ཡིན་པའི་སྨན་པ་ཞིག་གིས་སེམས་ཚོར་ཆེན་པོས་གསུང་བཤད་གནང་བ་དེར་ངོས་ཀྱི་དངོས་གནས་བསྔགས་བརྗོད་ཞུ་རྒྱུ་ཡིན། འདྲ་ཆགས་པོ་དང་བཅོས་མའི་སྐད་ཆར་དོན་དག་དེ་ཙམ་མེད། སྐད་ཆ་དེ་སེམས་གཏིང་ནས་འཆད་དགོས། དེ་འདྲ་བྱུང་བ་ཡིན་ན་ང་ཚོས་ཕན་ཚུན་འཆམ་མཐུན་དང་། ཡིད་ཆེས་བསྐྲུན་ཐུབ།དེ་དངོས་གནས་གལ་ཆེན་པོ་རེད། གནད་དོན་གཞན་ཞིག་ནི་གོ་ལ་འདིའི་སྟེང་དོན་མེད་ཀྱི་དཀའ་ངལ་དང་རྙོག་གྲ་མང་པོ་ཞིག་ཕན་ཚུན་ཡིད་ཆེས་མེད་པ་དང་། དོག་ཟོན་བྱེད་རྒྱུ། མགོ་གཉིས་འཁྲབ་རྒྱུ་དེ་དག་རིགས་ལས་ཡོང་བ་ཞིག་ཡིན། དེར་བརྟེན་ང་ཚོ་ཕན་ཚུན་ཁ་རེ་ཁར་ཐུག་དང་། དྲང་ཚུགས་ལྡན་པ་དེ་འདྲ་གནང་ཐུབ་ན། འགྲོ་བ་མིའི་སྤྱི་ཚོགས་དེ་དངོས་གནས་འཆམ་མཐུན་དང་ཞི་བདེ་ལྡན་པ་ཞིག་ཡོང་ཐུབ། དེ་ནས་སེང་གེ་ཚོགས་པས་གྲོང་གསེབ་ཁུལ་གྱི་མི་མང་དབུལ་ཕོངས་དང་ཉམ་ཐག་ལ་རོགས་རམ་བྱེད་རྒྱུའི་ཆོད་སེམས་དང་། ཕྱག་ལས་གང་གནང་བ་དེར་ངོས་ཀྱི་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁྱེད་ཚོས་གྲོང་གསེབ་ནང་བ་ཕྱུགས་དང་འབྲེལ་བའི་ལས་གཞི་དེ་ཐོས་མ་ཐག་ངོས་ཀྱི་ཞལ་འདེབས་ཕྲན་བུ་རྒྱག་འདོད་བྱུང་། ལས་གཞི་དེ་ཧ་ཅང་ཡག་པོ་འདུག ངོས་རང་ཐོག་མར་རྡ་སར་འབྱོར་སྐབས་ངོས་ཀྱི་ཨམ་ཁུག་སྟོང་པ་ཡིན། ད་ཆ་ངོས་ཀྱི་མིང་ཐོག་ནས་འགྲེམས་སྤེལ་བྱས་པའི་དཔེ་དེབ་ཀྱི་རིན་འབབ་ལ་བརྟེན་ངོས་ཀྱི་ཨམ་ཁྲག་ཏོག་ཙམ་མཐུག་ཏུ་ཕྱིན་ཡོད། ངོས་རང་ནང་པའི་དགེ་སློང་ཉམ་ཆུང་ཞིག་ལ་དངུལ་དེ་ཙམ་དགོས་མཁོ་གང་ཡང་མེད། དངུལ་དེ་དག་མི་མང་ཆེད་དུ་རེད།
རྒྱུན་དུ་ངོས་རང་རྒྱ་གར་གྱི་བུ་ཡིན་ཞེས་བརྗོད་ཀྱི་ཡོད། དེ་ལས་ཞིབ་ཚགས་སུ་བཏང་ནས་བརྗོད་ན་ངོས་རང་ཧི་མ་ཅལ་གྱི་བུ་ཞིག་དང་། དེའི་ནང་ནས་ཀ་ར་རྫོང་དང་། དེའི་ནང་ནས་རྡ་རམ་ས་ལའི་བུ་ཞིག་ཡིན། མི་མང་ཉམ་ཐག་ཚོར་ཐབས་ཤས་ཅི་རིགས་ཐོག་རོགས་རམ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད། ངོས་ཀྱི་གདོང་པ་བསྟན་པ་ཙམ་གྱི་འགྲིག་གི་མེད། ཁྱེད་ཚོར་དངུལ་དགོས། བྱིན་རླབས་ཟེར་བའི་ཚིག་དེ་རྩ་ཆེ་མདོག་ཡོད་ཀྱང་དོན་དངོས་ཐོག་ཚིག་སྟོང་པ་རེད། ང་ཚོ་བོད་པས་ཀུན་དགའ་དོན་གྲུབ་ཅེས་བཤད་སྲོལ་ཡོད། དེར་བརྟེན་ངོས་ཀྱིས་ཞལ་འདེབས་ཕྲན་བུ་རྒྱག་གི་ཡིན། ཞེས་ཞལ་ཤོབ་དང་སྦྲགས་བཀའ་སློབ་སྩལ་བར་ཚོགས་བཅར་བ་ཚང་མ་འུར་སྒྲ་དང་བཅས་གད་མོ་ཤོར། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སྩལ་དོན། འགྲོ་བ་མིའི་གདོད་མའི་བྱུང་རབས་ནང་། འགྲོ་བ་མིའི་སྤྱི་ཚོགས་ནང་། མགོ་ཁྲིད་ཀྱི་ལམ་སྲོལ་དེ་མེད་པར་ཚང་མ་གཅིག་མཚུངས་ཡིན། ཚང་མ་མཉམ་རུབ་ཐོག་ལས་ཀ་བྱས་ནས་གང་ཐོབ་པ་དེ་ཚང་མར་བགོ་ཡི་ཡོད་པས་ཚང་མ་འདྲ་མཉམ་ཡིན། དེ་ནས་རིམ་པས་མི་འབོར་འཕེལ་རྒྱས་ཕྱིན་པ་དང་། དེ་ནས་རང་བཞིན་གྱིས་མི་ངན་རིགས་དེ་འདྲ་བྱུང་བར་བརྟེན་ཁྲིམས་གཏན་འབེབས་བྱེད་མཁན་མགོ་ཁྲིད་ཞིག་དགོས་པའི་རྣམ་བཞག་དེ་རིམ་པས་བྱུང་། སྐབས་དེར་ཤེས་ཡོན་མེད། མགོ་ཁྲིད་སུ་ཆགས་མིན་དེ་གཙོ་ཆེ་ཤོས་ལུས་ཀྱི་སྟོབས་ཤུགས་ཆེ་ཆུང་ལ་རགས་ལུས་ཡོད།སྐབས་དེ་ནས་སྐྱེས་པ་ཕོས་དབང་འཛིན་བྱེད་རྒྱུ་དེའི་མགོ་བརྩམས་གང་ཡིན་བརྗོད་ན་ལུས་སྟོབས་ཀྱི་ཆ་ནས་སྐྱེས་པ་ཕོ་དེ་མོ་ལས་ལུས་སྟོབས་ཆེ་བ་ཡོད། དེ་ནས་མཐར་ཤེས་ཡོན་ཡར་རྒྱས་ཕྱིན་པའི་ཐོག་ཕོ་མོ་གཉིས་ཆར་གོ་སྐབས་འདྲ་མཉམ་ཐོབ་པ་བྱུང་ཡོད། དེ་འདྲའི་ཐོག་ནས་ལོ་བརྒྱ་ཕྲག་འགའ་ཤས་ཕྱིན་པ་རེད། ད་ཆ་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། ད་ལྟའི་ཤེས་ཡོན་ལམ་ལུགས་ནང་ཕྱོགས་གཅིག་ནས་བལྟས་ན་གཞན་ཕན་དང་། བྱམས་བརྩེ་ལ་སོགས་པའི་བཟང་སྤྱོད་ཀྱི་གནས་ཚུལ་དེར་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་དེ་ཧ་ཅང་གསལ་པོ་རེད། ལོ་ངོ་སྟོང་ཕྲག་འགའ་ཤས་སྔོན་ཡུ་རོབ་ནང་ཤེས་ཡོན་བསྟི་གནས་ལོགས་སུ་འཛུགས་རྒྱུའི་ལམ་སྲོལ་དར་ཡོད། སྐབས་དེར་གཞན་ཕན་དང་བཟང་སྤྱོད་བྱམས་བརྩེ་བཅས་ཀྱི་གནད་དོན་དེ་དག་ཡེ་ཤུའི་ལྷ་ཁང་དང་། ཁྱིམ་ཚང་ནང་སློབ་གསོ་སྤྲོད་ཀྱི་ཡོད། ཤེས་ཡོན་བསྟི་གནས་གསར་འཛུགས་བྱུང་བ་དེ་ཚོའི་ནང་ཤེས་ཡོན་ཐོག་རྐྱང་པའི་ཐོག་ལག་པ་འཆང་དགོས་པ་མང་པོ་ཆགས་ཡོད། རིམ་པས་སྤྱི་ཚོགས་ནང་ཆོས་ཀྱི་ཤུགས་རྐྱེན་ཆུང་དུ་ཕྱིན་པ་དང་ཆབས་ཅིག་ཁྱིམ་ཚང་གི་རིན་ཐང་ཡང་ཆུང་དུ་ཕྱིན་ཡོད། དེར་བརྟེན་ད་ཆ་ཤེས་ཡོན་བསྟི་གནས་གཅིག་པོས་ཀླད་པ་ཡར་རྒྱས་གཏོང་བ་དང་ལྷན་ནང་གི་བསམ་བློ་བཟང་དུ་གཏོང་རྒྱུའི་འགན་ཡང་འཁྱེར་དགོས་པ་ཆགས་ཡོད། ད་ཆ་ཨ་རི་དང་། ཡུ་རོབ། ཁེ་ཎ་ཌ། ཉི་ཧོང་། དེ་བཞིན་རྒྱ་གར་བཅས་ཀྱི་ནང་མི་མང་པོས་ཤེས་ཡོན་གྱི་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་ཚན་ངོ་སྤྲོད་བྱེད་དགོས་པའི་སྐད་ཆ་ཤོད་ཀྱི་ཡོད། དེར་བརྟེན་བུད་མེད་ཚོ་ལུས་ཁམས་གྲུབ་སྟངས་ཀྱི་ཆ་ནས་གཞན་གྱི་སྡུག་བསྔལ་ཚོར་ཤུགས་ཆེ་བ་ཡོད། བྱུང་རབས་ནང་དཔའ་བོ་དེ་ཚོར་མཚམས་རེ་ངོས་ཀྱི་སྤྱིར་བཏང་མི་གསོད་མཁན་ཡིན་པ་བརྗོད་ཀྱི་ཡོད། མི་གཅིག་གཉིས་གསོད་མཁན་དེ་གཤན་མ་མིན་ཡང་བཙོན་དུ་འགྲོ་དགོས་ཀྱི་ཡོད། འོན་ཀྱང་མི་སྟོང་ཕྲག་མང་པོ་གསོད་མཁན་དེ་ཚོར་དཔའ་བོར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ཚོ་མང་ཆེ་བ་སྐྱེས་པ་ཆགས་ཡོད། ཚན་རིག་པའི་ཉམས་ཞིབ་ཐོག་ནས་སྐྱེས་པ་གཅིག་དང་བུད་མེད་གཅིག་ལ་དཀའ་སྡུག་གི་མནར་བའི་མིའི་པར་རིས་སྟོན་སྐབས་བུད་མེད་དེས་ལུས་ཀྱི་རྣམ་འགྱུར་གྱི་ཐོག་ནས་རང་བཞིན་གྱིས་གཞན་གྱི་སྡུག་བསྔལ་ཤུགས་ཆེ་བ་ཚོར་ཐུབ། གང་ཡིན་ཟེར་ན་བུད་མེད་དེར་གཞན་ལ་སེམས་ཚོར་ཤུགས་ཆེ་བ་ཡོད།
སྤྱིར་ང་ཚོས་གོང་མཐོར་གཏོང་རྒྱུའི་བྱམས་བརྩེ་དེར་རིམ་པ་གཉིས་ཡོད། བྱམས་བརྩེ་རིམ་པ་གཅིག་དེ་ལུས་ཁམས་དང་འབྲེལ་ཡོད་པ་དེ་ཕྱོགས་སུ་ལྷུང་བ་ཞིག་རེད། བྱམས་བརྩེ་དེ་རང་གི་དགྲ་བོར་སྙབ་མི་ཐུབ་པ་མ་ཟད། དགྲ་གཉེན་གང་ཡང་མིན་པའི་བཏང་སྙོམས་ཀྱི་མི་ཞིག་ལའང་སྙབ་མི་ཐུབ། འོན་ཀྱང་ལུས་ཁམས་དང་འབྲེལ་བའི་བྱམས་བརྩེ་དེ་ས་བོན་ལྟ་བུར་བརྩིས་པའི་ཐོག་ནས་མིའི་རྣམ་དཔྱོད་བེད་སྤྱོད་ཀྱིས་བྱམས་བརྩེ་དེ་རིམ་པ་གཉིས་པའི་བྱམས་བརྩེའི་ངོ་བོར་བསྒྱུར་ཐུབ། ལུས་ཁམས་དང་འབྲེལ་བའི་བྱམས་བརྩེ་དེ་རང་བཞིན་ལྷན་སྐྱེས་ཤིག་ཡིན་པ་དེར་རྣམ་དཔྱོད་ཀྱི་ཤེས་རབ་གྲོགས་བྱེད་པའི་ཐོག་ནས་སྦྱོང་བརྡར་བྱས་ཚེ་ཕྱོགས་ལྷུང་མེད་པའི་བྱམས་བརྩེ་རིམ་པ་གཉིས་པའི་ངོ་བོར་བསྒྱུར་ཐུབ། དེ་འདྲ་ཞིག་ཡོང་བར་ཤེས་ཡོན་ལ་བརྟེན་དགོས། ད་ཆ་དུས་རབས་ ༢༡ རེད། ཤེས་ཡོན་གཅིག་པུས་འདང་གི་མེད། ཀླད་པ་ཡར་རྒྱས་གཏོང་བ་གཅིག་པུས་མ་འགྲིག་པར་ནང་གི་བསམ་བློ་བཟང་དུ་གཏོང་ཐུབ་དགོས། གནས་སྟངས་དེར་བུད་མེད་ཚོས་འགན་ཤུགས་ཆེན་པོ་འཁྱེར་དགོས། དེར་བརྟེན་སེང་གེ་ཚོགས་པས་བུད་མེད་ནུས་ཤུགས་གོང་མཐོར་གཏོང་རྒྱུའི་ལས་གཞི་དེ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། དུས་རབས་ ༢༡ འདི་གྲོས་མོལ་གྱི་དུས་རབས་ཤིག་ཆགས་ཐུབ་དགོས། དུས་རབས་ ༢༠ པ་དེ་ང་ཚོ་འདོད་རུང་མ་འདོད་རུང་འཁྲུག་རྩོད་ཀྱི་དུས་རབས་ཤིག་ཆགས་ཡོད།ང་ཚོས་དུས་རབས་ ༢༡ འདི་ཞི་བ་ཞིག་བཟོ་དགོས། ཞི་བ་ཟེར་དུས་རྙོག་གྲ་མེད་པའི་དོན་མིན། ཇི་སྲིད་འགྲོ་བ་མི་ཡོད་པ་དེ་སྲིད་རྙོག་གྲ་ཡོད། སྲོལ་རྒྱུན་ལམ་ལུགས་ནང་དཀའ་ངལ་འཕྲད་ཚེ་དཀའ་ངལ་དེ་དྲག་ཤུགས་ཀྱིས་མེད་པ་ཇི་འདྲ་བཟོ་དགོས་བསམ་གྱི་ཡོད། བསམ་བློ་གཏོང་ཕྱོགས་དེ་སྐྱེས་པ་ཚོའི་བསམ་བློ་གཏོང་སྟངས་རེད། ད་ཆ་ང་ཚོར་དཀའ་ངལ་འཕྲད་སྐབས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། གྲོས་མོལ་བྱེད་པར་གྲོས་མོལ་བྱ་རྒྱུའི་གདེང་སྤོབས་དང་། ཀུན་སློང་དགོས། ཡིད་ཆེས་མེད་པ་དང་འཇིགས་སྣང་འོག་གྲོས་མོལ་ཡོང་མི་སྲིད་པ་ཞིག་རེད། གྲོས་མོལ་དོན་དང་ལྡན་པ་ཞིག་ཡོང་བར་བསམ་བློ་གུ་ཡངས་དང་། གཞན་གྱི་བདེ་སྡུག་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། དྲང་ཚུགས་ལྡན་པ་དང་། ཕྱི་གསལ་ནང་གསལ་དགོས། དུས་རབས་འདི་འཚེ་མེད་ཞི་བ་དང་། གྲོས་མོལ་གྱི་དུས་རབས་ཤིག་ཡོང་བར་འགྲོ་བ་མིའི་རྒྱུད་ལ་ཡོད་པའི་བྱམས་བརྩེའི་བསམ་པ་གོང་མཐོ་དང་ནུས་པ་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་དགོས། གནད་དོན་དེའི་ཐོག་འབད་བརྩོན་བྱེད་རྒྱུར་བུད་མེད་ཚོ་གལ་ཆེན་པོ་ཆགས་ཡོད། གནས་ཚུལ་གཞན་ཞིག་ལ་རྒྱ་གར་ནང་ངོས་ཀྱི་རྒྱ་གར་གྲོགས་པོ་ཚོར་དུས་རྒྱུན་དུ་རྒྱ་གར་ནང་འགྱུར་བ་ཞིག་དངོས་སུ་ཡོང་དགོས་ན་གྲོང་གསེབ་ཁག་ནང་འགྱུར་བ་འགྲོ་དགོས། གྲོང་གསེབ་ནང་མི་འབོར་ས་ཡ་མང་པོ་ཡོད་པ་ཚོ་དབུལ་ཕོངས་དང་། ཤེས་ཡོན་ཐོག་ཡར་རྒྱས་མ་བཏང་བར་གྲོང་ཁྱེར་འགའ་ཤས་ནང་བཟོ་གྲྭ་བརྒྱབ་པ་དེ་ཙམ་འགྱུར་བ་དངོས་གནས་ཤིག་མ་རེད། དེར་བརྟེན་གྲོང་གསེབ་ས་ཁུལ་ཁག་གི་ནང་ཡར་རྒྱས་ཀྱི་ལས་གཞི་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་ཁྱེད་རང་ཚོས་གྲོང་གསེབ་ཁུལ་གྱི་ལས་གཞི་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་ཀྱི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ།།