༢༠༡༠ ཟླ་ ༥ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བློན་ཆེན་མཆོག་དང་ཡུན་རིང་འགྲོགས་པའི་གྲོགས་པོ་བློ་ཐུབ་བགྲེས་སོང་རྣམ་པ་ཚོ། དེ་བཞིན་ས་གནས་འདིའི་གྲོགས་པོ་རྣམ་པ་ཚོར་ཞུ་རྒྱུར། ཁ་སང་ང་ཚོས་མངའ་སྡེའི་བློན་ཆེན་མཆོག་དབུ་བཞུགས་ཐོག་ང་ཚོ་ཧི་མ་ཅལ་དུ་བསླེབས་ནས་ལོ་ལྔ་བཅུ་ཧྲིལ་པོ་ཕྱིན་པའི་རྗེས་དྲན་བྱས་པ་དང་ཆབས་ཅིག་མངའ་སྡེའི་གཞུང་དང་མི་མང་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་བྱུང་། དེ་རིང་འདིར་དམིགས་བསལ་ས་གནས་མི་སྣའི་ནང་ང་ཚོ་དང་རྒྱུན་རིང་པོ་ཞིག་ངོ་ཤེས་གྲོགས་པོ་བློ་ཐུབ་བྱས་ཏེ་ང་ཚོ་རྒྱུས་ཡོད་བཀའ་དྲིན་ཆེན་པོ་བྱེད་མཁན་དེ་དག་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདས་པའི་ལོ་ ༥༠ རིང་གི་དགའ་སྡུག་གི་ཚོར་བའི་ཉམས་མྱོང་དེ་དག་དྲན་པའི་ཐོག་ནས་ཁྱེད་རང་ཚོ་འགྱུར་མེད་བློ་ཐུབ་ཀྱི་གྲོགས་པོ་ཡིན་བསམས་པའི་འདུ་ཤེས་ཐོག་ནས་དེ་རིང་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡོད། འདི་གར་བློན་ཆེན་མཆོག་ལ་ཆ་བཞག་ན་ཐེངས་མང་ཐུག་མྱོང་བ་ཞིག་རེད། ད་ལྟ་ངོས་ཀྱིས་གསལ་པོ་ཞིག་འདི་དྲན་གྱི་འདུག ཐེངས་གཅིག་རམ་པུར་དུ་སླེབས་སྐབས། ཕལ་ཆེར་དེ་རྒྱལ་ས་རེད། དེར་ཤིང་སྡོང་ཆེན་པོ་ཡོད་པའི་གླིང་ཁ་ཞིག་ཡོད། དེར་ཁོང་གིས་དགའ་བསུ་དང་ང་ཚོར་གསུང་བཤད་གནང་ཡོད། ཁོང་རང་གི་ཡབ་མེས་ཀྱི་དུས་ནས་བོད་ལ་འབྲེལ་བ་ཡོད་པའི་སྐོར་ཞིག་གསུངས་སོང་། དེ་ལྟ་བུའི་མེས་པོའི་སྐབས་ནས་འབྲེལ་བ་ཡོད་པ་ཞིག་ཡིན་དུས། ཁོང་རང་རམ་པུར་གྱི་རྒྱལ་ཕྲན་དང་རྒྱལ་པོ་ཞིག་ཆགས་ཀྱི་ཡོད། དེ་འདྲའི་མེས་པོའི་སྐབས་ནས་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་གསུངས་ཏེ། བོད་པའི་ཐོག་རང་བཞིན་གྱི་ཤ་ཚ་དང་སེམས་ཁུར་ཡོད་པ་ཞིག་ཡིན་ཞེས་གསུངས་བ། ངོས་ཀྱི་ཧ་ཅང་གསལ་པོ་དྲན་གྱི་འདུག དེ་ནས་མཁས་དབང་ཤཱར་མ་ལྟ་བུར་ཆ་བཞག་ན། སྔོན་མ་ནས་ཁོང་རང་མཁས་དབང་རེད། མཁས་དབང་ཞིག་གི་ལས་འགན་ཟེར་ན་མི་འདུག དམིགས་བསལ་དོ་སྣང་བྱེད་སའི་ཡུལ་ཟེར་ན་མི་འདུག བསྟན་བཅོས་དང་གཞུང་དེ་དག་ཐོག་ལ་དོ་སྣང་གནང་གི་ཡོད། སྤྱོད་འཇུག་སོགས་ཧིན་རྡིའི་ནང་བསྒྱུར་རྒྱུ་སོགས་ལ་ཁོང་རང་གིས་དམིགས་བསལ་ཐུགས་ཁུར་བཞེས་ཏེ་ཧ་ཅང་ཡག་པོ་རེད། དེ་ནས་ངོས་ཀྱིས་འདི་ཤོད་འདོད་བྱུང་། སྐབས་གཅིག་ང་ཚོ་རྡ་རམ་ས་ལར་ཏོག་ཙམ་རྙོག་གྲ་ཞིག་བྱུང་བ་རེད། བོད་པ་ཚོ་རྡ་རམ་ས་ལར་བསྡད་ནས་འགྲིག་མི་འདུག་ཅེས་པའི་སྐད་ཆ་ཞིག་བྱུང་བ་རེད། དེ་དུས་ངོས་རང་ཨ་རིར་ཡོད། ཡུལ་མི་ཚོའི་འདོད་པར་མེད་ན་ང་ཚོ་ཐོན་རྒྱུ་རེད་མ་གཏོགས་གཞན་བྱེད་རྒྱུ་མེད་ཅེས་གསར་འགྱུར་འགོད་མཁན་གྱིས་ཚུར་སྐད་ཆ་འདྲི་གི་འདུག སྐབས་དེར་ངོས་ཀྱིས་དེ་འདྲ་བརྗོད་པ་ཡིན། ངོས་རང་རྡ་རམ་ས་ལར་འབྱོར་སྐབས་མཁས་དབང་ཤཱར་མའི་གཙོས་ཁོང་ཚོ་ཁག་གཅིག་ངོས་ཀྱི་སར་ཡོང་སྟེ། ང་ཚོ་རྡ་རམ་ས་ལའི་མི་མང་ཚོས་༸རྒྱལ་བ་རིན་པོ་ཆེ་མཆོག་འདི་གར་བཞུགས་རྒྱུར་དགའ་བསུ་ཡོད། ༸རྒྱལ་བ་རིན་པོ་ཆེ་མཆོག་ནམ་ཞིག་སོ་སོའི་ལུང་པར་ཕེབས་རྒྱུའི་དུས་ཚོད་ཅིག་བྱུང་བའི་ཉིན་མོ་གནས་ཚུལ་ཁག་ཁག་རེད། དུས་ཚོད་དེ་མ་བྱུང་བར་རྡ་རམ་ས་ལར་བཞུགས་རོགས།ཕྱིན་ཆད་རྡ་རམ་ས་ལ་ནས་ཕར་འགྲོ་རྒྱུ་དེ་སོ་སོའི་རང་ཡུལ་དུ་ལོག་པའི་ཉིན་མོ་དེ་ནས་རྡ་རམ་ས་ལ་ནས་སྤྲོ་པོ་བྱས་ཏེ་རྒྱལ་ཁའི་ངང་ནས་ཕར་ཕེབས་ཐུབ་རྒྱུ་ཞིག་བྱེད་རོགས་བྱེད་ཅེས་འདི་འདྲ་བརྗོད་བྱུང་། དངོས་གནས་དེ་དུས་སེམས་སྐྱོ་པོ་བྱུང་ལ་ཧ་ཅང་དགའ་པོ་ཡང་བྱུང་། རྡ་རམ་ས་ལར་ཐོག་མར་ཡོང་སྐབས་ང་ཚོ་རྒྱ་གར་ལ་བསླེབས་ནས་ལོ་གཅིག་ཕྱིན་མ་ཐག་རེད།
ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ གྱི་དགོང་མོ་དེར་ངོས་ནོར་བུ་གླིང་ཁ་ན་བྲོས་ཏེ་ཐབས་ཤེས་གཞན་དག་རྩ་བ་མེད་པ་བྱས་ཏེ་ཐབས་ཤེས་གང་ཡོང་ཅི་ཡོང་བྱས་པ་རེད། འོན་ཀྱང་ཐབས་ཤེས་གཞན་དག་ཡང་མེད་པ་བྱས་ཏེ་གནས་ཚུལ་ཧ་ཅང་ཛ་དྲག་གི་འོག་ནས་ལྷ་སའི་ཆུ་ཚོད་ ༡༠ པའི་ཐོག་ནོར་བུ་གླིང་ཁ་ནས་ཐོན་ཡོང་བ་རེད་། དེ་ནས་ཟླ་ ༤ ནང་རྒྱ་གར་ནང་འབྱོར་བ་རེད། རྒྱ་གར་གྱི་ས་མཚམས་ཟིན་པ་དང་ད་ནི་དངོས་གནས་རང་དབང་ཐོབ་སོང་བསམས་ཏེ་འཇིགས་སྣང་འོག་ནས་གྲོལ་བའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་བྱུང་། གཉིས་ནས་ཡ་གི་ཀན་ཛ་མུ་ནི་ཞེས་པའི་ས་མཚམས་ལ་སྔ་མོ་ང་ཚོ་བོད་ནས་ངོ་ཤེས་རྙིང་པ་གྲོགས་པོ་མི་ནཱོན་ཞེས་པ་དེ་དག་ནང་སྔ་མོ་ངོས་རང་བསྡད་མྱོང་བ་རེད། ཕྱི་ལོ་ ༡༩༥༦ ལོ་ནས་ཧ་ཅང་ངོ་ཡག་པོ་ཤེས་ཀྱི་ཡོད། དེ་དང་དེས་མཚོན་པའི་ཁོང་ཚོ་གྲོགས་པོ་སྔོན་མ་ནས་ངོ་ཤེས་པ་ཁོང་ཚོ་ཡ་གི་ས་མཚམས་སུ་སྒུག་བསྡད་འདུག དེ་དག་གི་གདོང་པ་མཐོང་སྐབས། གྲོགས་པོ་ངོ་ཤེས་རྒྱུས་ཡོད་པ་དེ་དག་ཐུག་སྐབས་སེམས་ནང་དམིགས་བསལ་གྱི་དགའ་ཚོར་དེ་འདྲ་ཞིག་བྱུང་། དེ་ནས་རིམ་པས་མ་སུ་རིར་འབྱོར་བ་རེད། མ་སུ་རིར་སླེབས་སྐབས་ཕྱོགས་གཅིག་ནས་བོད་ནས་དངངས་སྐྲག་བྱས་ནས་ཡོང་བ་རེད། ལམ་ཁ་ལ་ཧ་ཅང་ན་བྱུང་། ཊེསེ་པུར་ནས་སྡེ་ར་ལྡུན་བར་དུ་རི་ལི་ནང་ཉིན་མཚན་ཁ་ཤས་ཤིག་སྦྲེལ་ནས་ཡོང་བ་རེད། མ་སུ་རིར་འབྱོར་སྐབས་ཟ་རི་བ་རེ་བྱས་ནས་ཉིན་ཁ་ཤས་ཤིག་གདན་ཁྲིའི་ཐོག་བསྡད་ཡོད་ཀྱང་ཚོར་བ་དེ་རི་ལིའི་ནང་ཆ་ལག་ཆ་ལག་ཅེས་པའི་ཚོར་བ་དེ་མྱངས་ནས་ཡོང་བ་ཡིན། དེ་གའི་ཟླ་ ༤ ཟླ་མཇུག་དེར་རེད། ནེ་རུ་མཆོག་མ་སུ་རིར་ཕེབས་ཏེ་ཕྱག་གཞན་དག་ཡོད་ཀྱི་རེད་དེ་རྒྱུ་མཚན་གཅིག་ངོས་རང་ཐུག་པར་ཕེབས་པ་རེད། ཕྱི་ལོ་ ༡༩༥༦ ལོ་ནས་དམིགས་བསལ་གྱི་ནང་ཁུལ་འབྲེལ་བ་ཡག་པོ་ཡོད།དེ་འདྲ་ཡིན་དུས་ཁོང་རང་ཆེད་མངགས་ངོས་རང་ཐུག་པར་ཕེབས་པ་རེད། དེ་འདྲ་ཞིག་གི་ཡང་སེམས་ནང་སྤྲོ་སྣང་དང་སྤོབས་པ་ཞིག་ང་ཚོ་སྐྱབས་མེད་མགོན་མེད་མིན་བསམས་པ་ལྟ་བུ་ཞིག་བློ་ལ་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་བ་རེད། ཡིན་ནའང་ང་ཚོ་བོད་མི་བཙན་བྱོལ་དུ་འབྱོར་མཁན་རྣམས་དེ་དུས་ཚ་བ་ལངས་པའི་དུས་ཚོད་འཁེལ་ཡོང་སྐབས་ཕྱི་ཟླ་ ༤ །༥ ཟེར་དུས་ཛ་དྲག་གི་ཡ་གི་ས་མཚམས་སུ་འབྱོར་ཡོད་པ་དེ་དག་སྔོན་ལ་ས་བསིལ་སར་འགྲོ་རྒྱུ་ཐབས་ཤེས་ཧ་ཅང་ཛ་དྲག་བྱས་ཏེ་དེ་འདྲ་བྱས་ནས་ལོ་གཅིག་བསྐྱལ་བ་རེད། དེ་ནས་རྡ་རམ་ས་ལར་ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༣༠ ཉིན་འདིར་འབྱོར་བ་རེད། དང་པོ་མ་སུ་རི་ས་རྒྱུས་མེད་ཅིག་ལ་བསླེབས། དེ་ནས་ཡང་རྡ་རམ་ས་ལར་ས་རྒྱུས་མེད་ཅིག་ལ་བསླེབས་ཏེ། ཚོད་གང་ཡང་མ་ཐིག་པ་ལྟ་བུ་ཞིག མ་སུ་རི་ལྡི་ལི་དང་ཐག་ཉེ་པོ་རེད། རི་ལི་དང་མོ་ཊ་གང་གི་ནང་ཕྱིན་ཡང་ཏོག་ཙམ་ཐག་ཉེ་བ་ཡོད། འདིར་གང་ཙམ་ཐག་རིང་པོ་ལྟ་བུ་ཞིག དེར་བརྟེན་དེ་དུས་ཚོད་མ་ཐིག་པ་ལྟ་བུ་ཞིག་བྱུང་། ཟ་རི་བ་རི་བྱས་ཏེ་གནས་ཡོད་པའི་སྐབས་འབྲས་སྤྱི་བློན་ཆེན་ཨ་ཕོ་པ་རྡ་ངོས་ཐུག་པར་བསླེབས་བྱུང་། དེ་དུས་ངོས་རང་ས་བརྒ་ཨཤ་རམ་ལ་ཡོད། ཧ་ཅང་གསལ་པོ་དྲན་གྱི་འདུག ཆར་པ་བཏང་སྟེ་གནམ་གཤིས་ཧ་ཅང་དྭངས་མོ་ཡོད། ཁོང་གིས་ས་ཆ་འདིའི་མིང་ལ་ལྷ་མ་ས་ལ་ཞེས་བཤད་བྱུང་། ལྷར་མ་ཞེས་ཆོས་ཀྱི་བསྟི་གནས་ཞེས་དེ་འདྲ་ཞིག་ཆགས་ཀྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེས་ཆོས་ཀྱི་བསྟི་གནས་ཀྱི་ས་ཆ་འདི་ནས་མར་ས་ཨ་ཤཱ་རམ་ལ་གཤོངས་མཐོང་གི་ཡོད་སྟབས། ༸རྒྱལ་བ་རིན་པོ་ཆེས་ཆོས་ཀྱི་བསྟི་གནས་འདིའི་སྒང་ནས་འཛམ་གླིང་སྟེང་ལ་ཆོས་ཀྱི་མཛད་པ་རྒྱས་ཐུབ་རྒྱུ་ཞིག་ཡོང་གི་རེད། དེ་འདྲ་བྱས་ཏེ་དགོངས་པ་བཞེས་དགོས་པ་རེད། ཅེས་ངོས་ལ་འདི་འདྲ་བཤད་བྱུང་། སྤོ་བོ་ལགས་ཀྱིས་ངོས་འདིར་རྡ་རམ་ས་ལ་ལྡི་ནས་ས་ཆ་ཐག་རིང་བའི་ས་གནས་ཤིག་ལ་སླེབས་སྐབས་བློ་བག་ལྟ་བུ་ཞིག་སྤྲད་པ་དང་སེམས་གསོ་ཞིག་བཏང་སོང་དྲན་བྱུང་། མ་སུ་རིར་སློབ་གྲྭ་དང་པོ་དེ་བཙུགས་ཟིན་པ་རེད།
རྡ་རམ་ས་ལར་བསླེབས་ནས་འགོ་སྟོད་ང་ཚོའི་ལས་འགན་གཙོ་བོ་དེ་སློབ་གྲྭ་ཁག་འཛུགས་རྒྱུ་བྱས་པ་རེད། དེ་དང་ཆབས་ཅིག་གཞིས་ཆགས་ཁག་དེ་དག་འཛུགས་རྒྱུ། སྐབས་དེར་ནེ་རུ་མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་ནས་ཧ་ལས་པའི་རྒྱབ་སྐྱོར་གནང་ཡོད་པ་རེད། ལྷག་པར་དུ་ནེ་རུ་ཁོང་རང་སྐུ་སྒེར་གྱི་ངོས་ནས་དམིགས་བསལ་གྱི་ཐུགས་ཁུར་བཞེས་ཏེ། ང་ཚོའི་སློབ་གྲྭའི་ཕྲུ་གུ་ཚོའི་ཕྱིན་ཆད་ Medium of Instruction ག་རེ་དགའ་གི་རེད་དམ་ཞེས་ནེ་རུར་བཀའ་དྲི་ཞུ་སྐབས་དབྱིན་ཇི་དགོས་པ་རེད།དེ་དང་དེས་མཚོན་པའི་གང་ལྟར་སྐབས་དེར་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་རྒྱུའི་དོན་དག་ལ་ society ཚོགས་པ་དམིགས་བསལ་ཞིག་བཙུགས། ཚོགས་པ་དེའི་འགོ་ཁྲིད་ Union Education Minister ཤེས་རིག་བློན་ཆེན་རང་གི་གནང་སྟེ་འགྲོ་སོང་ཡོངས་རྫོགས་རྒྱ་གར་གཞུང་ནས་འགན་འཁྱེར་ཏེ་དེ་དུས་ང་ཚོས་ཤུགས་རྒྱག་ས་དེ་དག་ལ་བརྒྱབ་པ་རེད། དེ་བཞིན་གཞིས་ཆགས་ཁག་དེ་དག་ཀྱང་ནེ་རུ་རང་གིས་ Chief Minister མངའ་སྡེའི་བློན་ཆེན་མང་པོ་ཞིག་ཕྱག་བྲིས་གནང་སྟེ་བོད་པ་བཙན་བྱོལ་བ་ཚོར་གཞིས་ཆགས་འཛུགས་སའི་ས་ཆ་དགོས་ཀྱི་འདུག་ཅེས། སྐབས་དེར་མ་སོར་མངའ་སྡེའི་གཙོ་འཛིན་ནི་ཅི་ལི་ངྐཔ་ཡོད་པ་རེད། ཁོང་དང་ཕྱི་ལོ་ ༡༩༥༦ ལོ་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་བྱུང་། ཁོང་གི་དམིགས་བསལ་གྱི་དོ་སྣང་བྱེད་ཀྱི་འདུག ཕྱི་ལོ་ ༡༩༦༠ ལོའི་ནང་གཞིས་ཆགས་ཀྱི་ས་ཆ་རྒྱ་གར་གཞུང་ནས་གནང་སྐབས་ནི་ཅི་ལི་ྐཔ་མཆོག་ནས་ལམ་སེང་ང་ཚོར་མ་སོར་ནང་བོད་མི་སྟོང་ཕྲག་གསུམ་ལ་ས་ཆ་ཨེ་ཀར་སུམ་སྟོང་ཐམ་པ་ཡོད་ཅེས་མཐུན་འགྱུར་ཡག་པོ་ཞིག་བྱུང་བ་རེད། བྱམས་པོ་བྱས་ནས་བྱམས་པོ་བྱེད་མཁན་དེར་ཧམ་པ་ཆེ་བ་ཤོད་རྒྱུ་ནི་ལུགས་སྲོལ་རེད། དེར་བརྟེན་ཀ་ཎ་ཊ་ཀའི་མངའ་སྡེས་དམིགས་བསལ་བྱམས་པོ་གནང་སྐབས། ང་ཚོར་ས་ཆ་ད་དུང་སྣོན་མ་ཏོག་ཙམ་དགོས་ཀྱི་འདུག་ཅེས་བརྗོད་ནས་རྗེས་སུ་ཀ་ཎ་ཊ་ཀའི་མངའ་སྡེའི་ནང་བོད་མིའི་གཞིས་སྒར་ཆེ་ཤོས་ཆགས་ཡོད། གང་ལྟར་དྲུག་ཅུའི་ནང་ལ་ལས་གྲྭ་དེ་རྣམས་གང་ཙམ་བང་བསྒྲིགས་ཏེ་ཡོང་སྐབས། རྒྱ་གར་ནང་གི་དངོས་གནས་འཚེ་བ་མེད་པའི་ལྟ་གྲུབ་དང་དེ་བཞིན་ཆོས་ལུགས་རིས་མེད་ཀྱི་ལྟ་བ་མི་མཐུན་པ་ཡོད་ཀྱང་། དངོས་གནས་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩིའི་འོག་ཏུ་གནས་རྒྱུ་ཡོད་པ་དེ་དག་ལ་ཡིད་འཕྲོག་སྟེ་རིམ་པས་ང་ཚོ་འཛམ་གླིང་འདིའི་སྟེང་གི་ལུང་པ་འདྲ་མི་འདྲའི་ནང་བསླེབ་རྒྱུའི་གོ་སྐབས་བྱུང་དུས། རྒྱ་གར་ལ་གནའ་རབས་ནས་ཡོད་པའི་སྲོལ་རྒྱུན་གྱི་གོམས་གཤིས་ཀྱི་སྙིང་པོ་དེ་འཚེ་བ་མེད་པའི་ལྟ་བ་དེ་དང་དེ་དང་ཆབས་ཅིག་ཆོས་ལུགས་མཐུན་སྒྲིལ་དེ་གཉིས་འཛམ་གླིང་ལ་དགོས་མཁོ་ཡོད་པ་ཞིག་རེད་འདུག་བསམས་པའི་ཐོག་ནས་འཛམ་གླིང་ས་ཕྱོགས་གང་སར་དེ་འདྲ་ཤོད་ཀྱི་ཡོད། དེ་འདྲའི་རྐྱེན་པས་རིམ་པས་རིམ་པས་ས་ཨ་ཤཱ་རམ་ལ་འབྲས་སྤྱི་བློན་ཆེན་ཨ་ཕོ་པ་རྡས་བརྗོད་པ་ལྟར་ཆ་ཚང་བ་ཞིག་མ་བྱུང་ཡང་གང་ཙམ་ཞིག་བསྒྲུབས་ཡོད་སྙམ་པ་ལྟ་བུ་ཞིག་ཡོད། དེས་རྐྱེན་པས་འཛམ་གླིང་འདིའི་སྟེང་ལ་བོད་པའི་གྲོགས་པོ་མང་པོ་ཞིག་ཆགས་ཡོད། བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་ད་ལྟ་ཡིན་ནའང་འགྲོ་བཞིན་པ་རེད། དེ་ལྟ་བུའི་གནས་སྟངས་ཤིག་བྱུང་ཡོད། དེ་དག་ཡོང་རྒྱུ་རྩ་བའི་མཐུན་རྐྱེན་དེ་ང་ཚོ་རྡ་རམ་ས་ལར་གཞི་ཚུགས་ཏེ་འདིར་ང་ཚོ་བོད་པའི་ཤེས་ཡོན་དང་འཕྲོད་བསྟེན། གཞིས་ཆགས། དེ་དག་ལ་ལྟ་རྟོག་བྱེད་མཁན་ང་ཚོའི་དབུས་ཀྱི་སྒྲིག་འཛུགས་ལྟ་བུ་ཞིག་ཚུགས་ཏེ་ལས་འགན་དེ་དག་བསྒྲུབས་པ་རེད། དེར་བརྟེན་འདས་པའི་ལོ་ ༥༡ གམ་རྡ་སར་བསླེབས་ནས་ལོ་ ༥༠ དེའི་དུས་ཡུན་འདིར་ཕྱིར་མིག་ཅིག་བལྟས་ན།
དུས་ཡུན་དེ་མི་ཚེ་གཅིག་གི་ནང་ལ་དུས་ཡུན་རིང་པོ་རེད།དུས་ཡུན་དེའི་ནང་ལུས་རྒས་ཏེ་མི་ཚེ་རྫོགས་འགྲོ་ཡོད། འོན་ཀྱང་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་བ་མཐོང་གི་འདུག དེ་འདྲ་ཡོང་རྒྱུ་རྩ་བའི་རྒྱུ་རྐྱེན་དེ་རྒྱ་གར་དབུས་གཞུང་དང་མངའ་སྡེ་འདིའི་ནང་གི་གཞུང་རེད། དེ་བཞིན་མངའ་སྡེ་འདིའི་ནང་གི་མི་མང་ཚོས་དངོས་གནས་བོད་པར་བཙན་བྱོལ་བའི་འདུ་ཤེས་མིན་པར་དངོས་གནས་སྤྱི་འདྲ་སྤྱི་མཚུངས་ཀྱི་ཡུལ་མི་དང་གྲོགས་པོའི་འདུ་ཤེས་བཞག་སྟེ་རྒྱབ་སྐྱོར་ཐོབ་པའི་དྲིན་རེད། ཁྱེད་རང་ཚོ་གྲོགས་པོ་རྒན་པ་རྣམས་སྔ་རྗེས་ཀྱི་འབྲེལ་བ་ཆགས་ཡོད། འདས་པའི་ལོ་ ༥༡ དང་ ༥༠ དེའི་རིང་གི་ང་ཚོར་གྲུབ་འབྲས་གང་ལ་གང་ཙམ་ཐོན་ཡོད་པ་དེ་དག་ཁྱེད་རང་ཚོའི་རྒྱབ་སྐྱོར་དང་གྲོགས་པའི་བརྩེ་གདུང་འོག་ནས་ང་ཚོར་གྲུབ་འབྲས་དེ་དག་ཐོབ་ཡོད། དེར་བརྟེན་ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གོང་དུ་གྲོགས་པོ་རྣམ་པ་ཚོས་དང་བློན་ཆེན་མཆོག་གིས་གསུངས་སོང་། ང་ཚོས་འཐབ་རྩོད་ཀྱི་ལས་ཀ་བྱེད་རྒྱུ་དེ་བདེན་པ་གཞིར་བཞག་བདེན་དོན་གྱི་འཐབ་རྩོད། དེ་ཡང་རང་རྒྱལ་གཞན་ཕམ་ཞེས་པ་དེ་མིན་པར་གཉིས་ཕན་གྱི་ཐབས་ལམ་འོག་ནས་ང་ཚོས་བདེན་པའི་འཐབ་རྩོད་འདི་བྱེད་ཀྱི་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་རང་ཚོ་གྲོགས་པོ་ཚོར་དགའ་སྤོབས་ཆེན་པོའི་ཐོག་ནས་ཞུ་ཆོག་པ་གང་ཞིག་ཡོད་དམ་ཞེ་ན། ང་ཚོའི་ཐབས་ལམ་གཉིས་ཕན་ཞིག་གི་སྟེང་ལ་འགྲོ་གི་ཡོད་སྟབས། རྒྱ་རིགས་ཤེས་ཡོན་ཅན་ཡོངས་གྲགས་བརྩི་བཀུར་ཡོད་པའི་གནད་ཡོད་བརྒྱ་ཕྲག་མང་པོས་ང་ཚོའི་དབུ་མའི་ལམ་གྱི་འགྲོ་སྟངས་འདིར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་གུང་ཕྲན་ཏང་གི་གཅིག་སྡུད་ཀྱི་རྒྱ་གཞུང་གི་སྲིད་བྱུས་གུ་དོག་པོ་དེར་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག དེར་བརྟེན་ང་ཚོ་བོད་པའི་དཀའ་ངལ་འདི་སེལ་རྒྱུར་རྒྱ་རིགས་ནང་ནས་རྒྱབ་སྐྱོར་དགོས་རྒྱུ་དེ་སུས་བལྟས་ཀྱང་ཤེས་གསལ་རེད། རྒྱ་རིགས་ཡོངས་རྫོགས་དང་དགྲ་ཟླ་བཟོས་ན་ཧ་ཅང་ཁག་པོ་རེད། རྒྱ་རིགས་ནང་ནས་ང་ཚོར་རྒྱབ་སྐྱོར་ཐོབ་ཡོང་སྐབས། དེ་མ་འོངས་པར་འགྱུར་བ་འགྲོ་རྒྱུའི་རྒྱུ་རྐྱེན་དང་མཐུན་རྐྱེན་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། དེ་འདྲ་ཞིག་བྱུང་སོང་། དེ་འདྲ་ཞིག་ཡོང་གི་འདུག ཅེས་ཁྱེད་རྣམ་པར་ཞུ་འདོད་བྱུང་།ཁྱེད་རང་ཚོས་ད་ལྟ་ཐུགས་སྨོན་དང་རེ་འདུན་གནང་བ་དེ་དག་ཏན་ཏན་བསྒྲུབ་ཐུབ་རྒྱུའི་ཚད་མ་ལྟ་བུ་ཤར་ཡོང་གི་ཡོད་པ་ལྟ་བུ་རེད། ལས་དོན་ལས་སླ་པོ་ཞིག་མ་རེད། དེ་འདྲ་ཡིན་དུས་ལམ་སེང་བསྒྲུབ་ཟེར་རྒྱུ་དེ་ཁག་པོ་རེད། བོད་མི་བཙན་བྱོལ་བའི་ངོས་ནས་བཤད་ན་རེད། གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་ངོས་ནས་བཤད་ནའང་། གང་ལྟར་ལོ་ལྔ་བཅུ་དྲུག་ཅུ་ཕྱིན་པ་རེད། འོན་ཀྱང་བོད་མིའི་སྙིང་སྟོབས་དང་ལྷག་བསམ་ནམ་ཡང་འགྱུར་མེད་ཐོག་སྲ་བརྟན་རྡོ་རྗེ་ཕ་ལམ་ལྟར་བྱས་ཏེ་བསྡད་པ་རེད། ད་དུང་ཡིན་ཡང་འདི་འདྲ་བྱས་ནས་སྡོད་ཀྱི་རེད། བདེན་པ་ཡོད་པ་དང་གཅིག བདེན་པའི་དོན་དག་དེའི་འཐབ་རྩོད་བྱེད་སྟངས་དེ་ཡང་དྲང་བདེན་གྱི་ལམ་ནས་འགྲོ་གི་ཡོ། གཉིས་ཕན་གྱི་ལམ་ནས་འགྲོ་གི་ཡོད་སྟབས་བདེན་པའི་མཐའ་གསལ་བར་ངེས་པ་རེད། ཕལ་ཆེར་འདི་ཤོད་ཐུབ་ཀྱི་རེད། འདི་ཁྱེད་རང་ཚོར་བརྗོད་འདོད་བྱུང་། ཐུགས་རྗེ་ཆེ་བཀྲིས་བདེ་ལེགས། ཞེས་བཀའ་སློབ་ཟབ་ཅིང་རྒྱས་པ་སྩལ་ཡོད།།