༢༠༡༠ ཟླ་ ༥ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་གསལ། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་ ༢༠༡༠ ཟླ་ ༣ ཚེས་ ༣༡ བར་ལོ་གཅིག་ཧྲིལ་པོར་ལྷོ་སྤྱི་ལས་ཁུངས་ནས་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཁག་མང་པོ་ཞིག་གནང་ཡོད། དེ་ཡང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་། བོད་མིའི་མང་གཙོའི་དུས་ཆེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་ཆེན་དང་རྒྱལ་སྤྱི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། གསུམ་བཅུའི་དུས་དྲན་བཅས་སྲུང་བརྩི་ཞུ་སྐབས་རྒྱ་གར་གནད་ཡོད་མི་སྣ་ཁག་སྐུ་མགྲོན་དུ་གདན་ཞུས་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེ་དང་རང་གཞུང་བཀའ་ཤག་གི་གཏམ་བཤད་བཅས་མང་ཚོགས་ལ་སྒྲོག་སྦྱང་དང་འགྲེམས་སྤེལ་ཞུས་ཏེ་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཨན་རྡ་ར་སྤར་རྡེ་ཤི་རྒྱལ་ས་ཧའེ་རྡར་སྦ་དེའི་ YPO ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མངའ་སྡེའི་རྒྱལ་སར་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༨ ཉིན་༧ཞབས་སོར་འཁོད་སྐབས་ཚོགས་གཙོ་ Mr. Manni Kapadi དང་། མངའ་གཞུང་སྣེ་ལེན་བཀོད་སྒྲིག་འགན་འཛིན་བཅས་ཀྱི་ལྷན་དུ་ལྷོ་སྤྱིས་ཕེབས་སུ་གཟབ་རྒྱས་ཞུས་པ་དང་། དེ་བཞིན་ཕྱི་དྲོ་མངའ་སྡེའི་བློན་ཆེན་ Mr. K. Rosaiah ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་བཅར་ཞུས་རྗེས་༸གོང་ས་མཆོག་གིས་བོད་མི་སུད་ཚོང་དང་མཐོ་སློབ་ཁག་གི་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་བཀྲིན་སྩལ། དེ་བཞིན་ཆུ་ཚོད་ ༢ པའི་ཐོག YPO ཚོགས་མི་རྣམས་ལ་བཀའ་སློབ་སྩལ་གནང་མཛད། ཕྱི་ཚེས་ ༡༩ ཉིན་ཀར་ན་ཀྲ་ཀ་མངའ་སྡེའི་ས་གནས་གུལ་སྦར་གར་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་མི་གྲངས་ ༢༠༠༠ ཙམ་ལ་བདེན་པ་བཞིའི་སྐོར་གསུང་ཆོས་བཀྲིན་སྩལ་བ་སོགས་འགེགས་རྐྱེན་བར་ཆད་སྤུ་ཙམ་མེད་པ་མཛད་འཆར་གཞི་བཟུང་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་ཡོད།
རང་གཞུང་བཀའ་ཤག་གིས་བཀའ་ཕེབས་དགོངས་དོན་ལྟར་ལྷོ་སྤྱི་ལས་ཁུངས་ནས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་དང་། རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་སྲུང་བརྩི་མཛད་སྒོ་ཞིག་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་རིང་སྦེང་ལོར་ Chitrakala Parishad ཚོགས་ཁང་དུ་གོ་སྒྲིག་འཐུས་གཙང་ཞུས། དུས་སྟོན་དེར་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ཆེད་ཕེབས་ཐོག་ཀར་ན་ཀྲ་ཀའི་གྲོས་ཚོགས་འཐུས་མི་ Narendra Babu མཆོག་ནས་མཛད་སྒོ་དབུ་འབྱེད་གནང་། ཉིན་གསུམ་གྱི་དུས་སྟོན་རིང་པར་རིས་འགྲེམས་སྟོན་དང་། གློག་བརྙན་གཟིགས་འབུལ། དཔེ་དེབ་ཁག་འགྲེམས་སྟོན། བོད་ཀྱི་ནང་དོན་རིག་པའི་གསུང་བཤད། སྐྱེལ་ལྡན་སོ་ནམ་གྱི་ཐོན་སྐྱེད་འགྲེམས་སྟོན། བོད་སྨན་གསོ་རིག་འགྲེམས་སྟོན་དང་བསྟེན་གཏུགས། བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་ཤེས་རུམ་བཟོ་དང་ལྷ་བྲིས་བཅས་ཀྱི་འགྲེམས་སྟོན། དགོན་སྡེ་ཁག་ནས་དཀྱིལ་འཁོར་བཞེངས་རྒྱུ། གར་འཆམ། འདོན་དབྱངས་སྒྲོག་པ། བུ་ཁྱིམ་སློབ་མ་རྣམས་ནས་རིག་གཞུང་འཁྲབ་སྟོན་གནང་བ་སོགས་རྒྱ་གར་ཡུལ་མི་རྣམས་ལ་བོད་ཀྱི་རིག་གཞུང་དང་འདས་པའི་ལོ་ལྔ་བཅུའི་བོད་མིའི་ཉམས་མྱོང་དངོས་སུ་མཐོང་ཐུབ་པ་དང་གསར་ལམ་ཐོག་འགྲེམས་སྤེལ་ཞུ་ཐུབ་པ་བྱུང་ཡོད།
བོད་མི་མང་སྤྱི་ལྷན་ཚོགས་གཙོ་མཆོག་སྦེང་ལོར་ཕེབས་སྐབས་ཀར་ན་ཀྲ་ཀའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ Parmeshwaran, Dinesh Gundo Roa དང་། ནཱ་རེན་དར་བྷ་པུ་གཉིས་ལ་ལྷན་བཅར་ཞུས་ཏེ་མངའ་གཞུང་གྲོས་ཚོགས་འཐུས་མིའི་བོད་ཚོགས་འཛུགས་རྒྱུའི་གོ་བསྡུར་དང་མཇུག་སྐྱོང་ཞུས།སྔར་ཡོད་སྦེང་ལོར་རྒྱལ་སའི་ཧིན་བོད་མཛའ་ཚོགས་བསྐྱར་གསོ་ཡོང་ཐབས་སུ་ India-Tibet-Co-ordinator ལེགས་བཤད་ལགས་སྦེང་ལོར་ཕེབས་སྐབས་ཚོགས་གཙོ་དང་རྒྱུན་ལས་ཚོགས་བསྐོང་ཞུས་ཏེ་ཧིན་བོད་མཛའ་ཚོགས་མུ་མཐུད་རྒྱུན་གནས་ཡོང་ཐབས་ཆེད་གོ་བསྡུར་ཞུས།
ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་སྣེ་འཁྲིད་པའི་བོད་མི་སྐྱིད་སྡུག་མཉམ་མྱོང་གི་གཏམ་བརྗོད་ཅེས་པ་ས་གནས་སུ་འཁྲབ་སྟོན་གནང་ཆེད་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ ཉིན་ཕེབས་འབྱོར་དང་། དངོས་གཞི་འཁྲབ་སྟོན། ངལ་གསོ་ཉིན་གཅིག་བཅས་ཉིན་གསུམ་རིང་སྦེང་ལོར་དུ་བཞུགས་སྐབས་ཟ་མལ་འགྲོ་གྲོན་དང་། སྣེ་ལེན། མཐུན་འགྱུར་འཐུས་གཙང་ཞུས། དེ་བཞིན་རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་འདོན་སྤེལ་གནང་བཞིན་པའི་ཤེས་བྱ་དང་། བོད་མིའི་རང་དབང་གསར་ཤོག ཆབ་སྲིད་དྲིལ་བསྒྲགས་ཆེད་བརྙན་འཕྲིན་འཁོར་ལེབ་བཅས་དུས་ནས་དུས་སུ་ལྷོ་སྤྱི་ལས་ཁུངས་ནས་མང་ཚོགས་ལ་འགྲེམས་སྤེལ་དང་གཟིགས་འབུལ་ཞུས་པ་བཅས།།