༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་ག་ཐེེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༡ ནས་ ཚེས་ ༡༣ བར་ཐེ་ཝན་སྐུ་ཚབ་དོན་ཁང་དང་ཐེེ་ན་རྒྱལ་གཉེར་ཅའོ་ཐུང་གཙུག་ལག་སློབ་གྲྭ་ཆེན་མོ། བོད་རྒྱ་མཛའ་མཐུན་གྲ་སྒྲིག་ཚོགས་ཆུང་བཅས་མཉམ་འབྲེལ་ཐོག་བོད་ལ་སེམས་ཁུར་ཞེས་པའི་ལས་འགུལ་ཞིག་ཅའོ་ཐུང་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སྤེལ་ཡོད། དེ་ཡང་ལས་འགུལ་གྱི་ནང་དོན་གཙོ་བོ་བོད་དོན་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་། གཏམ་བཤད་གོ་སྒྲིག་ཞུ་རྒྱུ་བཅས་ཡིན། དེ་ཡང་ཕྱི་ཟླ་ ༥ པའི་ཚེས་ ༡༡ ནས་ ༡༣ བར་དགོང་དྲོ་བོད་དོན་སྐོར་གྱི་གློག་བརྙན་བཙན་ཁྲིད་བྱས་པའི་བོད་ཕྲུག་ (Tibet’s Stolen Kid) དང་། མིག་ཅེ་རེ་ལྟ་བ། (The Unwinking Gaze) རང་ཡུལ་ཤོར་བའི་སྐྱབས་བཅོལ་བ། (Diaspora In Refuge) འཇིགས་བྲལ། (Leaving Fear Behind) བཅས་བསྟན་ཡོད་པ་མ་ཟད། ཚེས་ ༡༩ ཉིན་གྱི་ཕྱི་དྲོ་མཁས་པའི་བགྲོ་གླེང་ཚོགས་འདུའི་ཐོག་བོད་གཞུང་ཐེེ་ན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་འབྱུང་རིམ་ངོ་སྤྲོད་གནང་ཡོད། གཞན་ཡང་ཐེེ་ཝན་ཤར་ཕྱོགས་ཏུང་ཧ་གཙུག་ལག་སློབ་གྲྭ་ཆེན་མོར་ཕྱི་ཟླ་ལྔ་པའི་ནང་ཐེེ་ཝན་ཤེས་རིག་ལས་ཁུངས་དང་། ཏུང་ཧ་གཙུག་ལག་སློབ་གྲྭ་ཆེན་མོ་འདོད་མའི་མི་རིགས་སློབ་གཉེར་ཁང་ཐུན་མོང་ནས་གོ་སྒྲིག་ཞུས་པའི་སྣ་མང་རིག་གཞུང་སྤྱི་དམངས་ཀྱི་ཐོབ་ཐང་ཞེས་པའི་བྱེད་སྒོའི་ནང་ཚེས་ ༡༨ ཉིན་སློབ་ཕྲུག་རྣམས་ལ་བོད་དོན་གློག་བརྙན་བོད་ནས་བྲོས་བྱོལ་ (Escape From Tibet) ཞེས་པ་བསྟན་རྗེས། བོད་གཞུང་ཐེེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསོད་ནམས་རྡོ་རྗེ་ལགས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་རྗེས་བྱུང་རིམ་སྐོར་ལ་ངོ་སྤྲོད་གནང་ཡོད་པ་བཅས་ཐེ་ཝན་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་བོད་དོན་ཐོག་དོ་སྣང་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་བཅས།