རྒྱ་ནག་གཞུང་ནས་སླར་ཡང་བོད་མི་གཅིག་སྲོག་ཐོག་གཏོང་རྒྱུ་དང་། གཞན་ལྔ་ལ་དུས་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག་པར་བཙན་བྱོལ་བོད་གཞུང་ནས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་གསལ་ལྟར་ན།
ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་དཀར་མཛེས་དཔལ་ཡུལ་རྫོང་ར་ཆབ་ཤང་དུ་གནས་སྡོད་རང་རིགས་བསོད་ནམས་ཚེ་རིང་། རང་ལོ་ ༢༨ སོན་པ་ནས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་གཞིས་ལུས་རྒྱ་ཆེའི་མི་མང་གིས་རྒྱ་ནག་གཞུང་ནས་འདས་པའི་ལོ་བཅུ་ཕྲག་ལྔའི་རིང་བོད་དུ་དྲག་གནོན་དབང་སྒྱུར་བྱས་པར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེའི་ནང་ཞུགས་ཡོད་པའི་ཉེས་འཛུགས་འོག་ལོ་གཉིས་རིང་དུས་འགྱངས་དང་བཅས་སྲོག་ཐོག་གཏོང་རྒྱུ་དང་། དེ་བཞིན་ཁོང་པར་སྲུང་སྐྱོབ་རོགས་ཕན་བྱེད་མཁན་བོད་མི་གཞན་ལྔ་སྟེ། བཀྲ་ཤིས་ཆོས་སྒྲོན་དང་། སྐལ་ཡོན། ཡེ་ཤེས་མཚོ་མོ། བཀྲ་དབྱངས། ཚེ་དབང་འགྱུར་མེད་བཅས་ལ་ལོ་གསུམ་ནས་བདུན་བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་གཅོད་བྱས་འདུག
བསོད་ནམས་ཚེ་རིང་ལ་ཡོངས་གྲགས་དྲང་བདེན་གྱི་ཁྲིམས་གཏུགས་བྱ་ལོང་མེད་པར་འདི་ལྟ་བུའི་གདུག་རྩབ་ཆེ་བའི་ཁྲིམས་གཅོད་བྱས་པར་ང་ཚོས་སྐྱོན་བརྗོད་ཤུགས་དྲག་གིས་བྱ་རྒྱུ་ཡིན།
བར་ལམ་གྱི་ཐག་གཅོད་བྱེད་སྟངས་འདི་ནི་རྒྱ་ནག་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར་ (ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་) ནང་། ” སྲོག་ཁྲིམས་གཅོད་སྐབས་གཟབ་ནན་བྱ་དགོས་ཅི་མཆིས་བྱ་རྒྱུ་དང་། དེ་འབྲེལ་ཁྲིམས་གཏུགས་ཀྱི་བྱ་རིམ་ཁག་ལག་བསྟར་དམ་དོན་བྱ་རྒྱུ་ ” ཞེས་དང་། ཡང་། ” རྒྱལ་ཁབ་ནས་གྱོད་གཞི་ཡོངས་ཀྱི་ཁྲིམས་གཏུགས་ཕྱོགས་འཐེན་སྤངས་ཤིང་ལུགས་མཐུན་གྱི་ལམ་ནས་དུས་ཐོག་བྱ་རྒྱུའི་འགན་ལེན་ཆེད་ཕན་ནུས་འབྲེལ་བའི་གོམ་སྟབས་བགྲོད་དགོས་པ་དང་། དེ་བཞིན་གནས་ལུགས་བདེན་གསལ་དང་། དཔང་རྟགས་འདང་ངེས། ལུགས་མཐུན་གྱི་ཁྲིམས་གཏུགས་བྱ་རིམ་བཅས་ཡོང་བའི་འགན་སྲུང་བྱེད་དགོས་ ” ཞེས་གསལ་བའི་དགོངས་དོན་དང་རྒྱབ་འགལ་གྱུར་པར་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་དུས་མཚམས་སོ་སོར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ཆགས་བསྐྱར་ཞིབ་བྱེད་པའི་ལས་རིམ་ཁྲོད། སྔ་ལོ་རྒྱ་ནག་གཞུང་ནས་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་བྱ་རྒྱུའི་ཐད་གྲུབ་འབྲས་རླབས་ཆེ་སོན་ཡོད་ཅེས་བཤད་པ་དང་ཡོངས་སུ་འགལ་འདས་གྱུར་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་གི་འགོ་ཁྲིད་ལི་པའོ་ཏུང་གིས་ ” ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གསར་པ་དབུ་བརྙེས་པ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་ཆེད་གཞི་རིམ་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལམ་སྲོལ་གཏན་འབེབས་བྱས་ཡོད་ ” ཅེས་སྤོབས་ཉམས་ལྡན་པའི་སྒོ་ནས་བཤད་ཡོད་པ་རེད།
རྒྱ་ནག་གཞུང་གིས་གོང་གསལ་ཁས་ལེན་དམ་བཅའ་ཁག་ལ་ལྟོས་མེད་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ནས་བཟུང་བོད་མི་བདུན་ལ་སྲོག་ཁྲིམས་བཅད་ཡོད་པ་ནས་བཞི་སྔ་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༠ ཉིན་སྲོག་ཐོག་བཏང་ཟིན་ཡོད་སྟབས་ང་ཚོ་བློ་འཚབ་དྲག་པོ་ཡོང་གི་འདུག
བཙན་བྱོལ་བོད་གཞུང་ནས་ད་རེས་སླར་ཡང་རྒྱ་ནག་གཞུང་དང་། རྒྱལ་སྤྱིའི་སྤྱི་ཚོགས། ལྷག་པར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་འདིའི་ཐོག་བསམ་གཞིགས་ནན་ཏན་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།
ང་ཚོས་དུས་ཡུན་རིང་མོ་ནས་རེ་སྐུལ་ཞུས་དང་ཞུ་བཞིན་པའི་གནས་ཚུལ་ཞིག་ནན་བརྗོད་བྱ་རྒྱུར། རྒྱ་ནག་གཞུང་ནས་བོད་མི་ཚུད་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ལམ་འཕྲལ་གློད་འགྲོལ་གཏོང་དགོས་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཞིག་ནས་བོད་ནང་གི་གནས་སྟངས་རྟོག་ཞིབ་བྱ་རྒྱུའི་ཞལ་བཞེས་འཁྲོལ་ཆ་གནང་དགོས་པ་ཡིན།
ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ནས་
ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༨ ལ།།