༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །འདི་གར་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༥ ནས་བདུན་གཅིག་རིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེར་བལ་ཡུལ་དུ་གནས་སྡོད་བོན་གྱི་སེར་སྐྱ་མི་མང་རྣམས་འདུ་འཛོམས་ཀྱིས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དགོངས་ལྟར། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༥ ཉིན་འགོ་འཛུགས་ཀྱིས་ཉིན་གྲངས་ ༧ རིང་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་། བྱེ་བྲག་ཏུ་ཉེ་ཆར་བོད་མདོ་ཁམས་སྐྱེ་རྒུ་མདོར་དུས་མིན་འབྱུང་འཁྲུག་གི་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གྱོང་གུན་ཚབས་ཆེན་ཕོག་པར་གདུང་སེམས་མཉམ་སྐྱེ་དང་། ཚེ་འདས་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་བསྔོ་སྨོན།
རྨས་སྐྱོན་ཕོག་པ་དང་ཤུལ་ལུས་རྣམས་གདུང་བ་ལས་མྱུར་དུ་གྲོལ་ཞིང་། འགལ་རྐྱེན་གྱི་མཚན་མ་ངན་རིགས་ཡོངས་སུ་ཞི་ནས་དགའ་བདེའི་དཔལ་ལ་སྤྱོད་ཅིང་། རང་ཅག་གཞིས་བྱེས་བོད་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་གོང་དུ་འཕེལ་ཏེ་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་མ་ལུས་མྱུར་དུ་འགྲུབ་ཆེད། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་སྲུང་གཙོ་བོ་མ་མཆོག་སྲིད་པ་རྒྱལ་མོ་ལ་སོགས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་མཆོད་སྤྲིན་འབུམ་ཚོགས་རྒྱས་འབུལ་གནང་དང་གནང་མུས་ཡིན་པ་བཅས།།