༢༠༡༠ ཟླ་ ༥ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༢ ཉིན་རྒྱལ་ས་་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏང་གནས་ནང་འཁོད་དོན། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤིའི་ (George W. Bush) ལྕམ་ལོ་ར་བུ་ཤི་ (Laura Bush) མཆོག་གི་མི་ཚེའི་ལོ་རྒྱུས། སྙིང་གཏམ། ཞེས་པའི་དཔེ་དེབ་གཅིག་ཟླ་བ་འདིའི་ནང་འདོན་སྤེལ་གནང་ཡོད། སྙིང་གཏམ་ཞེས་པའི་དཔེ་དེབ་དེའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༩ ཉིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཇོར་ཇི་མཆོག་དང་ངེད་གཉིས་ཐེངས་གཉིས་པ་མཇལ་འཕྲད་དུ་ཕེབས་པ་རེད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཞི་འཇམ་ལྡན་པའི་གང་ཟག་གཅིག་དང་། ང་ཚོར་བློ་སྤོབས་སྐྱེད་གཞིའི་དཔེ་མཚོན་ཞིག་ཀྱང་ཡིན། དེ་བཞིན་ཁོང་ནི་བོད་ནང་རང་དབང་འཐོབ་རྒྱུའི་རེ་བའི་མཚོན་དོན་ཞིག་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཆུང་བྱིས་པའི་སྐབས་ནས་རང་གི་ལུང་པ་དང་རང་དབང་བྲལ་བ་རེད། ངའི་བཟའ་ཟླ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མའི་མཛད་རྗེས་ལ་ངོས་འཛིན་བྱེད་རྒྱུ་དེ་ཨ་རི་བ་ཚོའི་དམིགས་བསལ་གྱི་འགན་ཞིག་ཆགས་ཡོད་པར་ངོས་འཛིན་གནང་གི་ཡོད། འཛམ་གླིང་མི་མང་ཚོས་ཨ་རིར་མིག་དཔེ་ཡར་ལྟ་བྱེད་བཞིན་ཡོད། ང་ཚོས་རང་དབང་ཆེད་དུ་དཔུང་རོགས་མ་ཞུས་ན་སུས་ཞུ། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མས་བོད་ནང་རྒྱ་རིགས་མི་འབོར་ཕོན་ཆེ་སྤོ་ཤུགས་བྱས་པ་དེས་བོད་ཀྱི་ཐུན་མིན་རིག་གཞུང་དེ་དག་དྲན་པའི་ཡུལ་ནས་རྩ་མེད་དུ་འགྲོ་རྒྱུའི་དོན་དམ་གྱི་འཇིགས་སྣང་དང་དངངས་འཚབ་ཡོད་སྐོར་ང་ཚོར་བརྗོད་བྱུང་། ཞེས་སོགས་བཀོད་གནང་ཡོད།།