༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་སྐད་ཚན་པའི་གསར་འགྱུར་བརྒྱུད་ལམ་ཌའོ་ཝི་ (Duowei) ཞེས་པའི་གཙོ་འཛིན་སྐུ་ཞབས་ཡུ་པིན་ཧའི་ (Yu Pinhai) ལགས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་བཅར་འདྲི་ཞུས་པར་བཀའ་ལན་ལྷུག་པོར་མཛད་ཡོད། དེ་ཡང་༸གོང་ས་མཆོག་ལ་བཅར་འདྲི་ཞུ་ཆེད་ཧོང་ཀོང་ནས་ཆེད་མངགས་ཨ་རིའི་གྲོང་ཁྱེར་སེ་ཌར་ཕོལ་ལ་ཕེབས་པའི་སྐུ་ཞབས་ཡུ་པིན་ཧའི་ལགས་ཀྱིས་ཐོག་མར་བོད་ཀྱི་གནད་དོན་དང་། རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དེར་ཡར་རྒྱས་ཀྱི་གོམ་པ་མདུན་སྤོས་ཤིག་ཡོང་བར་གང་བྱེད་དགོས་སྐོར་གྱི་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། བོད་པ་ཚོར་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་ལེགས་བྱང་ཕྱུག་པོ་ཞིག་ཡོད་པ་དེ་ནང་པ་སངས་རྒྱས་པ་དང་ཁ་ཆེ། དེ་བཞིན་ཡེ་ཤུ་བཅས་བོད་མི་ཡོད་དོ་ཅོག་སོ་སོའི་མི་ཚེའི་ནང་འཚོ་བའི་ཆ་ཤས་ཆགས་ཡོད། དེར་ངོས་ཀྱི་བོད་ཀྱི་ནང་པའི་ལེགས་བྱང་ཞེས་བརྗོད་ཀྱི་ཡོད། ལེགས་བྱང་དེ་འཚེ་བ་མེད་པ་དང་བྱམས་བརྩེ་ལྡན་པ་ཞིག་ཡིན། རྒྱ་ནག་གི་གཙོས་འཛམ་གླིང་ནང་ད་ཆ་བཟང་སྤྱོད་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་དེར་བོད་ཀྱི་ནང་པའི་ལེགས་བྱང་དེས་ཕན་ཐོགས་ཡོང་སྲིད། ངོས་ཀྱི་བློ་འཚབ་ཆེ་ཤོས་དེ་བོད་ཀྱི་ལེགས་བྱང་བདག་གཅེས་བྱ་རྒྱུ་དེ་ཡིན། འོན་ཀྱང་རྒྱ་ནག་གི་དཔོན་རིགས་སེམས་སྦགས་སུབ་དོག་པོ་འགའ་རེས་བོད་ཀྱི་ལེགས་བྱང་བརྗོད་སྐབས་ཁ་བྲལ་བ་ཡིན་པར་ངོས་འཛིན་བྱེད་བཞིན་པ་དེ་དཀའ་ངལ་ཞིག་ཆགས་ཡོད། བསམ་བཞིན་དུ་བྱས་ཀྱང་རུང་མ་བྱས་ཀྱང་རུང་བོད་ནང་བོད་པའི་ལེགས་བྱང་རྩ་བརླག་འགྲོ་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཟུར་པ་ཅེན་ཀོ་ཡོན་གྱིས་ལྷ་སའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་ནང་ཆོས་སློབ་ཁྲིད་མི་ཆོག་པའི་བཀའ་བཏང་ཡོད་པ་སློབ་གྲྭ་ཆེན་མོའི་དགེ་རྒན་དེ་འདྲའི་སར་ནས་གནས་ཚུལ་གོ་བྱུང་། དེ་བཞིན་རྒྱ་མིའི་ལས་བྱེད་པ་འགའ་རེས་བོད་ནང་ཡོད་པའི་བོད་པའི་དགོན་སྡེ་དེ་དག་ནང་ཆོས་སློབ་གཉེར་བྱེད་སའི་བསྟི་གནས་ཤིག་མིན་པར་གྲྭ་པ་འགའ་ཤས་མ་གཏོགས་མེད་པའི་ལྷ་ཁང་ལྟ་བུར་འགྱུར་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོས་བྱུང་། བོད་མི་ཚོས་རང་གི་རིག་གཞུང་ལ་ཧ་ཅང་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། རྒྱ་མི་དབང་འཛིན་པ་ཚོས་བོད་པའི་རིག་གཞུང་ལ་ཚུལ་མིན་གྱི་ལྟ་ཕྱོགས་འཛིན་པ་དེས་བོད་མི་ཚོ་ཡིད་མ་རང་པ་ཆགས་ཀྱི་ཡོད། མཁན་པོ་འཇིགས་མེད་ཕུན་ཚོགས་ལྟ་བུ་བོད་ནང་ཡོད་པའི་བོད་པའི་བླ་མ་ཚོས་ཆོས་ཕྱོགས་ཀྱི་ལས་དོན་རྐྱང་པ་སྤེལ་རྒྱུར་ཧ་ཅང་སྐུ་ངལ་འཕྲད་ཡོད། ངོས་ཀྱིས་བོད་ནང་ཡོད་པའི་རྒྱ་མི་ཚང་མ་བོད་ནས་ཕྱིར་འཐོན་དགོས་ཞེས་ནམ་ཡང་བརྗོད་ཀྱི་མེད། བོད་ནང་བོད་མི་གྲངས་འབོར་མང་བ་ཆགས་ཐུབ་པ་ཡིན་ན་བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་པ་ཡོང་རྒྱུར་གལ་ཆེན་པོ་ཆགས་ཡོད། ནང་སོག་ (Inner Mongolia) ནང་ཆ་བཞག་ན་སོག་པོའི་མི་རིགས་ས་ཡ་གསུམ་བཞི་ཙམ་ལས་མེད་པ་དང་རྒྱ་མི་ས་ཡ་ཉི་ཤུ་ཙམ་ཡོད། སྔ་མོ་ངོས་རང་གི་སྐྱེས་ཡུལ་གྱི་ས་ཁུལ་དུ་རྒྱ་མི་དེ་འདྲ་ཡོད་ཀྱང་བོད་མི་ཚོ་དང་ལྷན་དུ་གནས་སྡོད་བྱ་རྒྱུར་དཀའ་ངལ་གང་ཡང་མེད། དེ་བཞིན་སྐབས་དེར་ལྷ་སའི་ནང་དུའང་རྒྱ་མི་དེ་འདྲ་ཡོད། བོད་མི་ས་ཡ་དྲུག་ཡོད་པའི་བོད་ཀྱི་ནང་གལ་ཏེ་རྒྱ་མི་ས་ཡ་གཅིག་ཙམ་ཡོད་ནའང་བོད་མི་ཚོར་དཀའ་ངལ་གང་ཡང་མེད་ཅེས་བཀའ་སྩལ། དེ་རྗེས་བོད་རྒྱ་འབྲེལ་མོལ་ལ་ཡར་རྒྱས་ཇི་འདྲ་ཡོང་ཐུབ་མིན་སྐོར་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ང་ཚོའི་ངོས་ནས་བྱེད་དགོས་པ་ཆ་ཚང་བྱས་ཡོད། སྔ་མོ་ཏེང་ཞའོ་ཕིང་གིས་རང་བཙན་མིན་པའི་གནད་དོན་ཇི་ཡིན་ཐོག་གྲོས་མོལ་གྱི་ལམ་ནས་སེལ་ཆོག་ཅེས་བརྗོད་ཡོད། རྒྱ་ནག་མི་དམངས་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་འགའ་ཤས་ཀྱིས་ཏཱ་ལའི་བླ་མའི་གནད་དོན་ལས་གཞན་པའི་བོད་ཀྱི་གནད་དོན་ཟེར་བ་དེ་འདྲ་མེད་ཚུལ་བརྗོད་ཀྱི་འདུག ང་ཚོས་རང་བཙན་རྩོད་ཀྱི་མེད་པ་དེ་ད་ཆ་འཛམ་གླིང་ཚང་མས་ཤེས་ཀྱི་ཡོད། འོན་ཀྱང་རྒྱ་མིའི་དཔོན་རིགས་ཚོས་ངོས་ལ་ཁ་བྲལ་བ་ཡིན་ཚུལ་བརྗོད་ཀྱི་ཡོད་པས་དཀའ་ངལ་དེར་ཐུག་ཡོད། རྒྱ་མིའི་དཔོན་རིགས་ཚོས་བོད་ནང་དཀའ་ངལ་ཡོད་པ་ངོས་འཛིན་བྱས་པའི་ཐོག་གྲོས་མོལ་གནང་འགོ་འཛུགས་དགོས། གལ་ཏེ་གྲོས་མོལ་ངོ་མ་ཞིག་འགོ་འཛུགས་བྱུང་མཚམས་བོད་ནང་ཡོད་པའི་བོད་རྒྱ་ཆེའི་མི་དམངས་ཚོས་གྲོས་མོལ་དེར་མཉམ་ཞུགས་བྱེད་དགོས། ད་ལྟའི་ཆར་བོད་ནང་ཡོད་པའི་བོད་རྒྱ་ཆེའི་མི་མང་ཚོས་རང་གི་བསམ་ཚུལ་བརྗོད་པ་ཡིན་ན་ཁ་བྲལ་བ་རེད་ཅེས་ཉེས་འཛུགས་བྱེད་ཀྱི་རེད་བསམ་པའི་འཇིགས་སྣང་ཡོད། ངོས་ཀྱིས་རྟག་པར་དོན་གྱི་བདག་པོ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་མང་ཚོ་ཡིན་པ་བརྗོད་བཞིན་ཡོད། པཌྷ་ཆེན་སྐུ་གོང་མས་ངོས་ཀྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། དེ་སྔ་རྒྱ་གཞུང་ནང་ལས་ཀ་བྱེད་མཁན་བོད་མི་ཕུན་ཚོགས་དབང་རྒྱལ་དང་ཡང་གླིང་རྡོར་རྗེས་ཀྱང་རྒྱབ་སྐྱོར་བྱས་ཡོད། ངོས་ཀྱིས་རྒྱ་ནག་གཞུང་ཕྱོགས་ལ་སྔ་མོ་ཡང་ངོས་ལ་གོ་གནས་དགོས་སྐོར་ཞུ་རྒྱུ་མ་བྱུང་བ་མ་ཟད། མ་འོངས་པར་ཡང་ངོས་ལ་ཐོབ་གོ་ས་དགོས་སྐོར་རྒྱ་ནག་གཞུང་ལ་ཞུ་རྒྱུ་གང་ཡང་མེད། ཅེས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་ལ་མ་འོངས་ཡང་སྲིད་ཐོག་ཐུགས་འཚབ་ཡོད་མིན་བཀའ་དྲི་ཞིས་པར། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཕྱི་ལོ་ ༡༩༦༩ ཙམ་ནས་མ་འོངས་པའི་ཏཱ་ལའི་བླ་མའི་གོ་ས་དེ་གནས་དང་མ་གནས་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ཡིན་པ་དེ་གསལ་པོར་བརྗོད་ཡོད། བཙན་བྱོལ་ནང་ཕྱི་ལོ་ ༢༠༠༡ ལོ་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ཆབ་སྲིད་འགོ་ཁྲིད་བསྐོས་ཟིན་པ་མ་ཟད། ད་ཆ་བོད་ཀྱི་ཆོས་བརྒྱུད་ཚང་མའི་ནང་ཤེས་འཇོན་ལྡན་པའི་བླ་སྤྲུལ་དེ་འདྲ་འཚར་ལོངས་བྱེད་བཞིན་ཡོོད། དེར་བརྟེན་ངོས་ལ་སེམས་ཁྲལ་གང་ཡང་མེད། ད་ལྟའི་ཆར་རྒྱ་མིའི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་ཐོག་དོགས་པ་རྣམ་རྟོག་དང་ཡིད་ཆེས་མེད་པའི་ཁོར་ཡུག་དེ་ཁྱེད་ཀྱི་དྲི་བ་དེ་བརྒྱུད་བོད་ཀྱི་གནད་དོན་སྐོར་གསལ་ཁ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཀའ་ལན་སྩལ།