༢༠༡༠ ཟླ་ ༥ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༥ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གོ་སྒྲིག་གནང་བའི་དཔའ་བོ་ངོ་སྤྲོད་ལྷན་ཚོགས་ཀྱི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན་ཆིབས་སྒྱུར་བཀྲིན་བསྐྱངས་ཡོད། ལྷན་ཚོགས་དེའི་སྐུ་མགྲོན་གཙོ་བོ་བྱང་ཨ་ཡིར་ལེན་ཌི་ (Northern Ireland) ནས་སྐུ་ཞབས་རི་ཆ་ཌ་མུ་རི་ (Richard Moore) ལགས་ཡིན།
ཉིན་དེའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཚོགས་འདུ་དབུ་འཛུགས་གནང་སྐབས་སེ་ལ་ཀུ་ཡི། གོ་པལ་པུར། སུ་ཇ། ཅོན་ཏ་ར། རྡ་ཤོད་བོད་ཁྱིམ་སློབ་གྲྭ། རྡ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་སློབ་གྲྭ་ཁག་དྲུག་ཙམ་ནས་སློབ་མ་གྲངས་ ༡༦༤༠ དང་དགེ་ལས་སློབ་ཕྲུག་བསྡོམས་པའི་གྲངས་ ༢༥༠༠ ཙམ་མཉམ་ཞུགས་གནང་ཡོད་པ་མ་ཟད། རྡ་ས་རིག་ལམ་སློབ་གྲྭའི་དགེ་འདུན་པ་མི་ཉུང་བ་ཞིག་དང་། བོད་ཀྱི་རྐང་རྩེད་པོ་ལོའི་རྩེད་འགྲན་པ་རྣམས་དང་། གཞན་ཡང་གསར་འགོད་པ་བཅས་ཕེབས་ཡོད། མཛད་སྒོའི་ཐོག་མར་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་ཚེ་དབང་ཡེ་ཤེས་ལགས་ཀྱིས་སྐུ་མགྲོན་གཙོ་བོ་སྐུ་ཞབས་རི་ཆ་ཌ་མུ་རི་ལགས་ངོ་སྤྲོད་གནང་དོན།
སྐུ་ཞབས་རི་ཆ་ཌ་མུ་རི་ལགས་ནི་བྱང་ཨ་ཡེར་ལེན་ཌི་ནང་ཌེ་རིའི་ས་ཁུལ་དུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༧༢ ལོར་ཁོང་དགུང་གྲངས་བཅུ་ལ་སོན་སྐབས་ཉིན་གཅིག་སློབ་གྲྭ་ནས་རང་གི་གྲོགས་པོ་དང་ལྷན་ནང་དུ་ལོག་ཡོང་སྐབས་དབྱིན་ཇིའི་དམག་མི་ཞིག་གིས་འགྱིག་གི་མེ་མདའ་བརྒྱབ་ནས་ཁོང་གི་མིག་འབྲས་གཉིས་ཀ་འཕྲོ་རླགས་ཕྱིན་ཡོད་ཀྱང་། ཁོང་གི་མེ་མདའ་རྒྱག་མཁན་དམག་མི་དེར་འཁོན་འཛིན་སྤུ་ཙམ་མ་བཅངས་པ་མ་ཟད། མཐར་ཁོང་དང་ཐུག་འཕྲད་ཀྱིས་སེམས་ཐག་ཧ་ཅང་ཉེ་བའི་གྲོགས་པོ་ཞིག་ཏུ་གྱུར་ཡོད།
ཁོང་གི་བཟོད་བསྲན་དེ་ནི་འཛམ་གླིང་ནང་མིག་དཔེར་འོས་པ་ཞིག་ཆགས་ཡོད་བཅས་སོགས་ཀྱི་གསུང་བཤད་གྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་དཀའ་སློབ་སྩལ་དོན། སྐུ་ཞབས་རི་ཆ་ཌ་མུ་རི་ལགས་ཀྱི་མིག་ལ་གཞན་གྱིས་འགྱིག་གི་མེ་མདའ་བརྒྱབ་ནས་མིག་འབྲས་གཉིས་ཀ་འཕྲོ་རླགས་བཏང་ནས་མི་ཚེ་གང་པོར་ལོང་བ་བཟོས་ཀྱང་། མེ་མདའ་རྒྱག་མཁན་དེར་སྡང་སེམས་དང་འཁོན་འཛིན་མ་བཅང་བར་རང་ཉིད་ཀྱི་མི་ཚེ་ཞི་བདེ་བབ་ཕེབ་ངང་བསྐྱལ་ཐུབ་པ་མ་ཟད། འཁྲུག་རྩོད་ནང་དཀའ་ངལ་མྱོང་བཞིན་པའི་བྱིས་པ་རྣམས་ཀྱི་ཆེད་དུ་ (Children of Cross fire) ཞེས་པའི་ཚོགས་པ་ཞིག་བཙུགས་ཡོད།ངོས་ཀྱིས་དུས་རྒྱུན་ཁོང་ལ་དཔའ་བོ་ཞེས་བརྗོད་ཀྱི་ཡོད།
ངོས་རང་བྱང་ཨ་ཡེར་ལེན་ཌི་ལ་འགྲོ་སྐབས་ཁོང་དང་ཐུག་བྱུང་། བྱང་ཨ་ཡེར་ལེན་ཌི་ནང་ཆོས་ལུགས་གཉིས་དབར་མི་མཐུན་པ་བྱུང་ནས་འཁྲུག་རྩོད་ཤོར་བ་རེད། ངོས་རང་ཆོས་ལུགས་མི་མཐུན་པ་གཉིས་པོའི་སྐུ་ཚབ་ཁག་གཅིག་ལ་སྐད་ཆ་ཤོད་རྒྱུའི་ཆེད་དུ་ཕྱིན་པ་ཡིན། ཚོགས་ཁང་ནང་ཐོག་མར་ཚོགས་ཁག་གཉིས་པོའི་འཐུས་མི་ཚོ་ཕན་ཚུན་འཁོན་སེམས་དང་དངངས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེན་པོ་མཐོང་བྱུང་། རིམ་པས་ངོས་ཀྱིས་ཆོས་ལུགས་ཕན་ཚུན་བསམ་ཤེས་དང་མཐུན་སྒྲིལ་དགོས་སྐོར་གྱི་སྐད་ཆ་བཤད་རྗེས་ཁོར་ཡུག་ཏོག་ཙམ་ཞི་འཇམ་ལྟ་བུ་ཕྱིན་སོང་། སྐུ་ཞབས་རི་ཆ་ཌ་མུ་རི་ཁོང་ལ་རྐྱེན་ངན་དེ་བྱུང་དུས་ཁོང་སློབ་གྲྭར་སྐྱོད་བཞིན་པའི་བྱིས་པ་ལོ་ ༡༠ ཡིན་འདུག ཁོང་སློབ་གྲྭ་ནས་རང་གི་གྲོགས་དང་ལྷན་ནང་དུ་ལོག་ཡོང་སྐབས་ཉེ་འགྲམ་དུ་མི་མང་ངོ་རྒོལ་ཟིང་ཆ་སློང་མཁན་ཚོར་དབྱིན་ཇིའི་དམག་མིས་འགྱིག་གི་མེ་མདའ་རྒྱག་སྐབས་ཁོང་གི་མིག་ལ་ཕོག་ནས་མིག་འབྲས་གཉིས་ཆ་འཕྲོ་རླགས་བཏང་བ་རེད། སྐབས་དེར་ཁོང་གིས་རང་ལ་མེ་མདའ་རྒྱག་མཁན་དེར་མཁོན་འཛིན་སྤུ་ཙམ་མ་བཅང་བར་མཐར་མེ་མདའ་རྒྱག་མཁན་དམག་མི་དང་སེམས་ཐག་ཧ་ཅང་ཉེ་བའི་གྲོགས་པོ་འགྲིག་ཐུབ་ཡོད།
ཁོང་གིས་བཟོད་བསྲན་བྱས་པ་དེ་ཆོས་ཀྱི་བསམ་བློའི་ཐོག་ནས་མིན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་ཅི་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། གསུངས་པ་དེ་ལག་ལེན་ངོ་ཐོག་ཁོང་གིས་གནང་བ་རེད། ངོས་རང་གི་བསམ་ཚུལ་ལྟར་བྱས་ན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཁོང་ལ་འབུལ་དགོས་པ་ལྟ་བུ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས་སྐུ་ཞབས་རི་ཆ་ཌ་མུ་རི་ལགས་ཀྱིས་རང་གི་ལོང་བའི་མི་ཚེའི་མྱོང་ཚོར་དང་། ༸གོང་ས་མཆོག་ལ་དགའ་མོས་ཧ་ཅང་ཡོད་སྐོར་དང་། རང་གི་མི་ཚེའེ་ནང་དཀའ་ངལ་བྱུང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྲན་གསོ་དང་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་རྣམས་ཡིད་བཅང་བྱེད་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་ལེགས་པར་གྲུབ་མཚམས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་རི་ཆ་ཌ་མུ་རི་ལགས་ལ་ཆེད་མངགས་ལྗགས་རྩོམ་མཛད་པའི་ཆེ་བསྟོད་ (Citation) ཞིག་སྒྲོགས་སྦྱང་མཛད་པ་མཟད། མགོན་པོ་གང་ཉིད་མཆོག་གིས་སྐུ་ཞབས་རི་ཆ་ཌ་མུ་རི་དང་ལགས་དང་ཁོང་ལ་མེ་མདའ་རྒྱག་མཁན་དབྱིན་ཇིའི་དམག་ཟུར་སྐུ་ཞབས་ཅལ་སེ་རྣམ་གཉིས་ལ་ཐུགས་བརྩེ་ཆེན་པོས་ཕྱག་གི་བཟུང་ནས་༸ཞལ་རས་འཛུམ་མདངས་ཀྱིས་དགའ་བསུ་དང་སྦྲགས་ཁོང་རྣམ་གཉིས་ལ་ཞི་བདེ་དང་བྱམས་བརྩེ་མཚོན་ཆེད་གཅིག་ལ་ཤེལ་གྱི་མཆོད་རྟེན་དངགཅིག་ལ་པདྨ་མའི་ཆེ་བསྟོད་ཀྱི་ཕྱག་རྟགས་སྩལ་ཡོད་པ་བཅས།།