༢༠༡༠ ཕྱི་ཟླ་ ༤ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༩ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་དྲ་གནས་ཞིག་དབུ་འབྱེད་གནང་ཡོད།
དེ་ཡང་དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། ཁྲིམས་ཞིབ་ཁང་གི་དྲུང་ཆེ་ངག་དབང་ཆོས་གྲགས་ལགས། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། ཤེས་རིག་སློབ་ཡོན་སྡེ་ཚན་གྱི་སྐུ་ཚབ་དང་། ཨ་རིར་སློབ་བསྐྱོད་པའི་སློབ་ཟུར་ཁག་གཅིག དེ་བཞིན་གསར་འགོད་པ་བཅས་མི་གྲངས་སུམ་ཅུ་ཙམ་འདུ་འཛོམས་ཀྱིས་ཐོག་མར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ཚོགས་གཙོ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་ཡོན་ལས་གཞི་ཚོགས་པའི་དྲ་གནས་དབུ་འབྱེད་དང་ལམ་སྟོན་གསུང་བཤད་གནང་དོན། ཨ་རིའི་བོད་མིའི་སློབ་ཡོན་ཁོངས་སུ་ཕེབས་པའི་སློབ་ཟུར་ཚོགས་པས་དེ་རིང་འདིར་དྲ་རྒྱ་ཞིག་དབུ་འབྱེད་གནང་རྒྱུར་མགྲོན་གྱི་གཙོ་བོར་མགྲོན་འབོད་གནང་བྱུང་བས་ཤེས་རིག་ལས་ཁུངས་ཀྱི་དུས་རྒྱུན་ལས་ཀ་དང་འབྲེལ་བ་ཡོད་སྟབས་བཅར་བ་ཡིན།
དེང་སང་དུས་ཚོད་དང་མཉམ་དུ་འགྲོ་དགོས་སྐབས་ཚང་མ་དྲ་རྒྱའི་ནང་ནས་གནས་ཚུལ་སྒྲུག་རྒྱུ་དང་། ཕར་ཡི་གེ་བཏང་རྒྱུ་ཞིག་ཡིན་ནའང་ཁུངས་སོ་སོའི་དྲ་རྒྱའི་ནང་བཞག་སྟེ་མི་ཚང་མས་སོ་སོའི་དགོས་མཁོ་དེ་དག་ཀློག་ནས་འགྲོ་རྒྱུའི་དུས་ཚོད་ཞིག་ནང་སླེབས་ཡོད། ལྷག་པར་དུ་ཨ་རིའི་བོད་པའི་སློབ་ཡོན་ཚོགས་པས་དྲ་རྒྱ་ཞིག་དབུ་འབྱེད་གནང་རྒྱུ་དེ་སྐབས་དང་དུས་སུ་སྨིན་པ་མ་ཟད། དུས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་རེད་ཅེས་ཞུ་འདོད་བྱུང་། དེ་བཞིན་ཨ་རིའི་སློབ་ཡོན་ནང་ཕེབས་མཁན་དེ་དག་བོད་པའི་སྤྱི་ཚོགས་ནང་གི་འོ་མའི་ཉིང་ཁུ་རྣམས་ཕེབས་ཀྱི་ཡོད། དེར་ཕེབས་ཏེ་ཉིན་རེ་སོ་སོའི་འཚོ་བའི་ནང་མགོ་འཁོར་བསྡད་ཚེ་སྤྱི་སྒེར་གཉིས་ཀར་གྱོང་རག་གི་རེད། མི་ཚེ་སུ་ཡིན་ནའང་སྐྱེལ་གྱི་ཡོད། འོན་ཀྱང་རྣམ་དཔྱོད་ལྡན་པ་ཞིག་ཆགས་མེད། རྣམ་པ་ཚོ་འདིར་ཚུར་ཕེབས་ཏེ་སོ་སོའི་སྤྱི་ཚོགས་ཤིག་ནང་ཞབས་ཕྱི་ཞུ་རྒྱུ་དེ་རྩ་ཆེན་པོ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ཕྱི་དང་། དེ་བཞིན་བཙན་བྱོལ་གཞུང་དང་མི་མང་གི་ཞབས་ཕྱི་རེད་བསམ་གྱི་འདུག བོད་པའི་རྩ་དོན་དེ་བོད་པ་གཅིག་པུའི་དོན་དག་ཅིག་མིན་པར་འཛམ་བུ་གླིང་ཞི་བདེའི་དོན་དག་ཅིག་ཆགས་ཀྱི་ཡོད། རྣམ་པ་ཚོ་ལོ་གཅིག་ལོ་གཉིས་སློབ་སྦྱོང་གནང་ཏེ་མཐོང་རྒྱ་ཐོས་རྒྱ་མང་པོ་བྱུང་ཡོད། ཚུར་ཕེབས་རྗེས་འཆར་ཅན་ལྟར་མ་ཡིན་པར་ཚོགས་པ་འདིའི་ཐོག་ནས་སྤྱི་ཚོགས་ནང་ཞབས་ཕྱི་མི་རེ་ངོ་རེ་ནས་ག་རེ་ཞུ་དགོས་ཀྱི་འདུག གནས་ཚུལ་ཚང་མ་མཐོང་སྐབས་ཞན་ཆ་ཡོད་པ་རྣམས་ཡར་རྒྱས་གཏོང་རྒྱུའི་ཐོག་ཧུར་ཐག་གནང་རོགས། མཉམ་རུབ་བྱས་ཏེ་གྲོས་གཞི་དེ་འདྲ་མ་བྱུང་ནའང་། གནད་ལ་དམིགས་པ་དང་འབྲེལ་བ་བཟང་པོ་ཡོང་རྒྱུའི་དགེ་མཚན་མེད་དམ་སྙམ་བྱུང་། ཚོགས་པར་དམིགས་ཡུལ་ངེས་ཅན་ཞིག་བྱུང་ན་ཕྱག་ལས་གནང་བདེ་ཡོང་བ་དང་། དེ་རིང་དྲ་རྒྱ་འདིའི་ཐོག་ནས་འབྲེལ་བ་བཟང་དུ་དང་མྱུར་བར་ཡོང་བའི་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག་ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་གྲུབ་མཚམས་ཚོགས་པའི་རྩིས་པ་ངག་དབང་ལྷ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཚོགས་འདུ་གྲོལ། དེ་བཞིན་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་འདི་ནི་ཕྱི་ལོ་ ༡༩༨༨ ལོར་དབུ་བཙུགས་ཏེ་ད་ལྟ་བར་སློབ་གཉེར་བ་མི་གྲངས་ ༣༦༤ ལ་སློབ་ཡོན་ཐོབ་ཡོད་པ་དང་བཙན་བྱོལ་བོད་གཞུང་དང་བོད་པའི་ཚོགས་སྡེ་ཁག་ནང་ཕྱག་ལས་གནང་བཞིན་པ་ ༡༢༥ དང་། ཉུང་མཐར་ལོ་གཉིས་ཙམ་ཞབས་ཞུའི་རྗེས་ནང་མི་སོགས་རྒྱུ་མཚན་འདྲ་མིན་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པ་ ༡༤༠ དང་སློབ་སྦྱོང་ཆེད་བསྐྱོད་ཀྱི་ཕྱི་ལོག་མ་བྱས་པ་ ༧༠ ཙམ་དང་འདས་གྲོངས་ཕྱིན་པ་ ༧ ཙམ་བྱུང་འདུག་པ་བཅས།