༢༠༡༠ ཕྱི་ཟླ་ ༤ ཚེས་ ༢ རེས་གཟའ་པ་སངས།
༄༅། །ནང་སྲིད་ལས་ཁུངས་ནས་འདི་གར་བཏང་གནས་ནང་འཁོད་དོན། བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ཉི་ཤུ་འཁོར་བ་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢ ཉིན་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཤེས་ལོངས་ (Shillong) ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཀུན་དགའ་ལགས་དང་། ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། ས་གནས་རང་བདེན་ཚོགས་གཙོ་ཀརྨ་བསྟན་འཛིན་ལགས་བཅས་འཐུས་མི་གསུམ་ཆེད་བཅར་གྱིས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། རླབས་ཆེན་བཞེད་དགོངས་ཟབ་མོ་མཐའ་དག་བགེགས་མེད་བདེ་བླག་ལྷུན་འགྲུབ་ཡོང་བ་དང་ལུས་ཅན་སྐྱེ་འགྲོ་སྤྱི་དང་།
ལྷག་པར་མགོན་པོ་གང་གི་གདུལ་ཞིང་ཁ་བ་ཅན་གྱི་སྐྱེ་འགྲོ་རྣམས་ཚེ་རབས་རྗེས་འཛིན་གྱི་གསོལ་བ་ཕུར་ཚུགས་སུ་འདེབས་རྟེན་མཎྜལ་རྟེན་དོད་ཧིན་སྒོར་ ༡༡༥༥༥།༠༠ དང་བཀའ་དྲིན་རྗེས་དྲན་མཚོན་ཆེད་སངས་རྒྱས་ཚེ་དཔག་མེད་ཀྱི་གསེར་ཟངས་སྐུ་བརྙན་དང་། དངུལ་གྱི་མཆོད་ཀོང་། ན་བཟའ་ཆ་ཚང་། དངུལ་གསེར་སྡེར་མའི་སྟེང་བཀྲིས་རྟགས་བརྒྱད་གཡུ་བྱུར་འཁོད་པ་བཅས་འདེགས་འབུལ་ཞུས་ཡོད། དེ་བཞིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་ལའང་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཟངས་ལས་གྲུབ་པའི་སྡེར་མ་རེ་རེ་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག བཀའ་ཁྲི་མཆོག་བཅས་ལས་ཁུངས་སོ་སོར་ཆེད་བཅར་གྱིས་ཕུལ་ཡོད་པ་བཅས་སོ།།