༢༠༡༠ ཕྱི་ཟླ་ ༤ ཚེས་ ༡ རེས་གཟའ་ཕུར་བུ།
ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་དོན་འགྲུབ་རྒྱལ་པོས།
རྒྱ་ནག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་རྩོམ་འཆལ་དག་གི་རྒྱབ་ལྗོངས་དང་གཞི་འཛིན་སའི་གནད་དོན་ཕལ་ཆེ་བ་ཉམས་ཞིབ་འཐུས་ཚང་མ་བྱུང་སྟབས། སྐབས་འགར་ཆེས་ཚབས་ཆེན་དུ་གྱུར་ནས་དེ་དག་གསལ་བཤད་བྱེད་སྟངས་མི་ཤེས་པའི་གནས་སུ་གྱར་ཡོད། སྤྱིར་རྒྱ་གཞུང་གི་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱས་པའི་རྩོམ་ཡིག་རིགས་ཕལ་ཆེ་བ་ཕྱོགས་ལྷུང་དང་། སྒྲོ་སྐུར་རྫུ་འཆོས་ཡིན་ཤག་ཏུ་རྩིས་ཏེ། རྒྱལ་སྤྱིའི་ནང་ཡིད་ཆེས་དང་ཤུགས་རྐྱེན་བཟོ་མི་ཐུབ་པ་དངོས་ཡོད་ཡིན་ནའང་། ཉེ་སྔོན་རྒྱ་ཕྱོགས་ནས་བཏོན་པའི་རྩོམ་ཡིག་འགའ་ཤས་ནང་བསམ་ཡུལ་ལས་འདས་པའི་ཆེས་ཚབས་ཆེན་གྱི་ནོར་འཛོལ་ཡོད་པ་མ་ཟད། ཐ་ན་བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་སུ་དང་གང་ཡིན་གྱི་མཚན་ཙམ་ཡང་འཁྲུག་བསྡད་པ་དེར་གསལ་བཤད་ཐེར་འདོན་མ་བྱས་ཀ་མེད་རེད།
དཔེར་ན། འདི་ཟླའི་འགོ་སྟོད་ལ་རྒྱ་ནག་གཞུང་གི་མི་དམངས་ཉིན་རེའི་ཚགས་པར་ཐོག་འདོན་སྤེལ་བྱས་པའི་ ” རྣམ་དཔྱོད་ཡངས་པའི་ཏཱ་ལའི་བླ་མས་དཔྱད་པ་ནོར་འཛོལ་ཁག་ ” ཅེས་པའི་རྩོམ་ཡིག་དེའི་ནང་། ཉེ་སྔོན་༸གོང་ས་མཆོག་གིས་རྒྱ་རིགས་མཁས་པ་ཁག་ནས་བོད་ལ་རྒྱབ་སྐྱོར་མཚོན་པའི་རྩོམ་ཡིག ༨༠༠ ཙམ་འདོན་སྤེལ་བྱས་ཡོད་ཅེས་གསུངས་ཡོད་པའི་ནང་ནས་རྩོམ་ཡིག་གཅིག་ཀྱང་རྒྱ་ནག་ནང་ཁུལ་ནས་བཏོན་མེད་ལུགས་བཤད་འདུག
རྩོམ་ཡིག་དེའི་ནང་། ༸གོང་ས་མཆོག་གིས་གོང་གསལ་རྩོམ་ཡིག ༨༠༠ ནང་ནས་ ༣༠༠ རྒྱ་ནག་ནང་ཁུལ་ནས་འདོན་སྤེལ་བྱས་ཡོད་ལུགས་བཀའ་གནང་ཡོད་པ་དེ་དང་། ཁོང་ ” སྒེར་གྱི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ ” གྱིས་འདི་ལོ་ ཟླ་ ༢ ཚེས་ ༢༡ ཉིན་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་ལ་བཅར་འདྲི་དང་ལེན་སྐབས་གསུངས་པའི་བཀའ་མོལ་གཉིས་མཐུན་གྱི་མེད་ལུགས་སོགས་གང་མིན་ཚད་བཤད་འདུག
དོན་དངོས་ཐོག་དེ་ནི་བོད་ཀྱི་ཁ་དཔེར་ར་མགོ་ལུག་སྦྱར་རམ་ཞྭ་དཔེ་ལྷམ་འགེབས་ལས་མ་འདས། གང་ལགས་ཞེ་ན། གོང་གསལ་གྱི་ཉིན་མོ་དེར་ཨ་རིའི་རླུང་འཕྲིན་ཁང་ནས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་གཏན་ནས་བྱས་མི་འདུག འོ་ན་རྒྱ་ནག་གིས་བརྗོད་པའི་སྐལ་བཟང་རྒྱལ་མཚན་དེ་སུ་ཡིན་སྐོར་རྩད་འཚོལ་ཡུད་ཙམ་བྱེད་སྐབས། དེ་ནི་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་རེད་འདུག ཁོང་ནི་བོད་མི་མང་སྤྱི་འཐུས་ཙམ་མ་ཟད། བཙན་བྱོལ་ནང་རྒྱ་ཡིག་གི་ཤེས་ཚད་ལེགས་གྲས་དང་། ཡོངས་གྲགས་སུ་བོད་རྒྱའི་གནད་དོན་ཐོག་དཔྱད་བརྗོད་པ་ཞིག་ཀྱང་ཡིན།
ཡང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ནས་གནད་དོན་འདིའི་ཐད་རྒྱ་སྐད་ནང་གང་ཞིག་གསུངས་ཡོད་པ་དེར་འཚོལ་ཞིབ་ཀྱིས་བལྟས་ན། ཁོང་གིས་གོང་གསལ་རྩོམ་ཡིག ༨༠༠ ནང་ནས་ ” མང་ཆེ་བ་རྒྱ་ནག་ཕྱི་ལོགས་སུ་འདོན་སྤེལ་བྱས་ཡོད་ ” ཅེས་གསུངས་ཡོད། དེའི་ཕྱིར་ཁོང་གིས་གསུངས་ཚུལ་དེ་དང་། གོང་གསལ་རྩོམ་ཡིག ༨༠༠ ནང་ནས་ ༣༠༠ རྒྱ་ནག་ནང་ཁུལ་ནས་འདོན་སྤེལ་བྱས་ཡོད་ཅེས་བཀའ་སློབ་གནང་ཚུལ་དེ་གཉིས་དོན་གཅིག་འགྲེལ་ཚུལ་མི་འདྲ་བ་གཉིས་ལས་གཞན་ཧེ་བག་ཅི་ཡང་མི་འདུག རྒྱ་ནག་གི་གསར་འགོད་པ་ཚོས་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་དང་ཡུ་རོབ་ཀྱི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་ནོར་འཁྲུལ་ཤོར་བ་དེ་ཡང་ཐོག་མ་ཕྱི་ལོ་ ༢༠༠༨ ནས་འགོ་བཙུགས་ཏེ་རྒྱུན་འབྱམས་སུ་ཕྱིན་ཡོད་འདུག བོད་ས་ཡོངས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་མི་དམངས་ཞི་རྒོལ་ཆེན་མོ་ལངས་པའི་ལོ་དེའི་ཟླ་ ༥ ནང་༸གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་ལ་ནང་མོལ་བཀའ་བསྡུར་ཆེད་ཕེབས་སྐབས། རྒྱ་ནག་གི་གསར་ལམ་ཁག་མང་པོའི་ནང་དུའང་གནས་ཚུལ་འདི་བཀོད་ཡོད་པ་མ་ཟད། སྐུ་ཚབ་གཉིས་ཀྱི་པར་ཡང་བཀོད་འདུག འོན་ཀྱང་ཁོང་ཚོས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱི་ཚབ་ལ་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་གྱི་འདྲ་པར་བཀོད་ནོར་ཤོར་ཡོད་པ་སྐབས་དེ་དུས་བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཅན་འོད་ཟེར་སོགས་ནས་ཐེར་འདོན་བྱས་ཡོད་པ་རེད།
གནད་དོན་འདིའི་ཐད་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་བྱེད་སྐབས། ཁོང་གིས་བཞད་མོ་དང་བཅས། རྒྱ་ཕྱོགས་ནས་ནོར་འཁྲུལ་འདི་ཡང་ཡང་བཟོ་བར་སྤྲོ་སྣང་ཆེན་པོ་ཡོད་པ་མ་ཟད། སྐབས་འགར་དེ་ལས་ལྷག་ཏུ་འུད་སྒྲོགས་བྱས་ཏེ། ” ང་ལ་དེ་སྔ་༸གོང་ས་མཆོག་གི་སྐུ་ཚབ་ཡིན་པ་དང་། ད་ལྟ་བོད་མི་མང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ ” ཞེས་འབྲི་མཁན་རིགས་ཀྱང་གང་མང་ཡོང་བསྡད་པ་དང་། ” སྐབས་འགར་ནོར་འཁྲུལ་འདི་རིགས་ཤེས་བཞིན་དུ་རྫུན་སྒྲིག་བྱས་པ་ཞིག་མིན་ནམ་བསམ་གྱི་འདུག དོན་དངོས་ཐོག་རྒྱ་ནག་གི་གསར་འགོད་པ་ཚོས་ཉམས་ཞིབ་ཡག་པོ་མ་བྱས་པའི་རྐྱེན་གྱིས་ཡིན་པ་མངོན་གསལ་རེད་ ” སོགས་གསུངས། དེར་བརྟེན། ཧམ་པ་རི་ཙམ་བཤད་ན། བདེན་པ་གཡག་ཙམ་ཐོབ་རེ་བྱས་ཏེ། རྒྱ་ཕྱོགས་ནས་དུས་རྟག་ཏུ་གང་ས་ཅི་ཐད་ནས་མི་བདེན་རྫུན་སྒྲིག་དང་། སྒྲོ་སྐུར་འཁྱོག་བརྗོད་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་། མཚན་ཤས་བཟོ་གང་ཐུབ་ཇི་ཙམ་བྱས་ཀྱང་། ཉིན་ཤར་སྦར་མོས་འགེེབས་མི་ཐུབ་པར། དེ་ལས་རང་ཉིད་སྔོ་ལོ་ལངས་ཕྱར་ཡོང་རྒྱུ་གདོན་མི་ཟ།
མཇུག་མཆན། གཞུང་འབྲེལ་གྲངས་ཐོར་གཞིགས་ན། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྐལ་བཟང་རྒྱལ་མཚན་གྱི་མིང་ཡོད་མཁན་གྱི་གང་ཟག་ཉུང་མཐར་ཡང་ ༦༧ ཙམ་འདུག འདི་ནི་རྒྱ་ནག་གི་གསར་འགོད་པ་ཚོའི་མཁྱེན་རྟོགས་སླད་བཀོད་པ་ཡིན།