༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༡ ཉིན་ཨེ་པི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་བྱུང་འཕྲལ་གོད་ཆག་ཕོག་མི་ཚོར་ཟས་གོས་དང་སྡོད་གུར་སོགས་གྲ་སྒྲིག་བྱེད་རྒྱུ་དང་། དེ་བཞིན་ཁང་རྡིབ་རྩིག་རྡོའི་འོག་ནས་གསོན་འཆི་གཉིས་ཀྱི་ཕུང་པོ་འདོན་རྒྱུ་དང་། འདས་པོ་རྣམས་ལ་སྨོན་ལམ་གསུང་རྒྱུས་མཚོན་ངལ་སེལ་རོགས་སྐྱོབ་ཀྱི་ལས་གཞིར་ཐོག་མར་མ་བསྐུལ་དྭང་བླངས་ཀྱི་མཐུན་འགྱུར་རོགས་རམ་གནང་མཁན་ས་གནས་དང་ཉེ་འཁོར་གྱི་དགོན་སྡེ་སྐྱེ་རྒུ་དགོན་པ། དཀར་མཛེས་རྫ་སེར་ཤུལ་དགོན་པ། གསེར་རྟ་བླ་རུང་དགོན་པ། རྫོགས་ཆེན་བཤད་གྲྭ་དགོན་པ། དཔལ་ཡུལ་དགོན་པ། སྡེ་དགེེ་དཔལ་སྤང་དགོན་པ་སོགས་ཀྱི་མཚོན་དགོན་སྡེ་གྲངས་ལས་འདས་པའི་དགེ་འདུན་པ་གཙོ་བོར་གྱུར་བའི་ཡུལ་མི་ཚོ་ཆགས་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་དགེ་འདུན་པ་རྣམས་ངལ་སེལ་རོགས་སྐྱོར་ནང་མཉམ་ཞུགས་བྱས་མ་ཆོག་པ་མ་ཟད། རང་རང་སོ་སོའི་དགོན་པར་ཕྱིར་ལོག་དགོས་པའི་བཙན་བཀའ་ཡང་བཏང་ཡོད་ཚུལ་བཀོད་ཡོད།