༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱིས་གོད་ཆག་ཕོག་སྟེ་བདུན་གཅིག་ཙམ་སོང་རྗེས་རྒྱ་ནག་གཞུང་གིས་ཕྱི་ཚེས་ ༢༡ ཉིན་མོ་དེ་བཞིན་ས་ཡོམ་གྱི་གོད་ཆག་ཕོག་པ་ཚོར་གཞུང་འབྲེལ་མྱ་ངན་གྱི་དུས་དྲན་སྲུང་བརྩི་བྱ་རྒྱུའི་ཉིན་མོ་ཞིག་ཡིན་པའི་གསལ་བསྒྲགས་བྱས་ཡོད། དེ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་གཞུང་འབྲེལ་མྱ་ངན་གྱི་མཛད་སྒོའི་སྐབས་རྒྱ་ནག་གི་རྒྱལ་དར་ཕྱེད་ཙམ་མར་ཕབ་པ་དང་། དེ་བཞིན་ཆུ་ཚོད་ ༢༤ རིང་མི་མང་སྤྲོ་སྐྱིད་ཁང་དང་། བརྙན་འཕྲིན་དང་གློག་བརྙན་གྱི་མཚོན་གཞས་སྣ་འཁྲབ་སྟོན་གྱི་ལས་རིགས་རྣམས་མཚམས་འཇོག་དགོས་པའི་བཀོད་ཁྱབ་བཏང་ཡོད་ཚུལ་ཤིང་ཧ་གསར་འགྱུར་ནང་བཀོད་ཡོད། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ (Standing Committee of the Political Bureau of the Communist Party of China Central Committee) ཁག་གཅིག་ནས་ཀྱང་གཞུང་འབྲེལ་མྱ་ངན་ནང་མཉམ་ཞུགས་བྱས་ཡོད་ཚུལ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནང་ཐོན་འདུག་པ་བཅས།།