༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༦ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་དུ་བོད་གཞུང་མང་གཉིས་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ལྔ་བཅུ་ཕྱིན་པའི་དུས་དྲན་སྲུང་བརྩིའི་ཆེད་རྩོམ་དེབ་བརྒྱ་ལོངས་པའི་དམིགས་བསལ་མཛད་སྒོ་ཞིག་ཚོགས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་དང་མདོ་སྨད་སྤྱི་འཐུས་རྣམ་པ། རྡ་ས་ས་གནས་འགོ་འཛིན། རྒྱུད་སྟོད་མཁན་པོ་དབུས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ཚོགས་པ་ཁག་གི་འགན་འཛིན། སློབ་གྲྭ་ཁག་གི་སློབ་སྤྱི། རྩོམ་སྒྲིག་སྡེ་ཚན་ཁག་གི་འགན་འཛིན། སློབ་ཕྲུག་ཁག་གཅིག་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོའི་དབུས་ཕྱག་སྦྲེལ་རྣམས་ནས་ཀིརྟི་བྱེས་པ་གྲྭ་ཚང་གི་རྩོམ་དེབ་བརྒྱ་ཐམ་པའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་གཉིས་ཀྱིས་སྣང་གསལ་ཞལ་ཕྱེ་དང་འབྲེལ་དགེ་འདུན་བཞི་གྲྭས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུང་བཞིན་གསོལ་ཇ་དང་འབྲས་སིལ་ཕུལ། དེ་ནས་གྲྭ་ཚང་གི་སློབ་སྤྱི་གདོང་རི་ཤེས་རབ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་རྩོམ་དེབ་བརྒྱ་པ་སུམ་ཅུ་པའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་པའི་ཕྱག་དེབ་དབུ་འབྱེད་གནང་གྲུབ་བསྟུན་དམིགས་བསལ་སྐུ་མགྲོན་མཆོག་གིས་མི་ཐོག་གསུམ་གྱི་རྨ་ཁ་ཞེས་པའི་ལོ་རྒྱུས་ཀྱི་ཕྱག་དེབ་དབུ་འབྱེད་གནང་།
དེ་རྗེས་དེ་གའི་སློབ་གཉེར་ཁང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པའི་དགེ་མཚན་དང་དེའི་ཐབས་ལམ་སྐོར་རྩོམ་ཡིག་འགྲན་བསྡུར་གནང་བའི་ཨང་དང་གཉིས་གསུམ་པ་རྣམས་ལ་སྐུ་མགྲོན་གཙོ་བོ་མཆོག་གིས་གཟེངས་བསྟོད་ཕྱག་འཁྱེར་གནང་བ་དང་། དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་གིས་གྲྭ་ཚང་གི་རྩོམ་སྒྲིག་པ་དང་ཀམ་པ་ཊར་སྡེ་ཚན་གཉིས་ལ་གཟེངས་བསྟོད་ཀྱི་བཀའ་ཤོག་གནང་གྲུབ་མཚམས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སྐབས་དང་པོའི་ཕར་ཕྱིན་རབ་འབྱམས་པ་རྣམས་ལ་ཕྱག་འཁྱེར་དང་ལེགས་དར་གནང་། དེ་རྗེས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་སྐབས་དགུ་པ་དང་བཅུ་པའི་མཐོ་རིམ་རིག་གནས་རབ་འབྱམས་པ་རྣམས་ལ་ཕྱག་འཁྱེར་དང་ལེགས་དར་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་མཆོག་གིས་གསུང་བཤད་གནང་དོན།དེ་རིང་ང་ཚོ་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཆེད་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་འབྲེལ་བའི་རྩོམ་དེབ་བརྒྱ་བཏོན་པའི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་མཛད་སྒོ་འདི་སྔོན་ནས་གྲ་སྒྲིག་ཟིན་པ་ཞིག་རེད། ད་ལྟའི་དུས་འདིར་བོད་ཀྱི་ས་ཁུལ་སྐྱེ་རྒུ་མདོར་འབྱུང་བའི་རྐྱེན་ངན་མང་པོ་ཞིག་གིས་བོད་རིགས་མང་པོ་ཚེ་འདས་སུ་གྱུར་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་གསལ་བསྒྲགས་ཤིག་ཞུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བཙན་བྱོལ་བོད་གཞུང་དང་མི་མང་ཚང་མས་ཐུགས་སྨོན་དང་གདུང་སེམས་མཉམ་སྐྱེ་ཞུས་ཏེ་ཚེ་འདས་ཕྱིན་པ་དེ་དག་ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོའི་འདུལ་ཞིང་དུ་སྐྱེ་བའི་སྨོན་འདུན་ཞུ་གི་ཡོད། ངས་མཛད་སྒོ་འདི་དང་སྟབས་བསྟུན་བོད་ཀྱི་རིག་གནས་ཐོག་སྐད་ཆ་ཤོད་རྒྱུའི་གནས་སྟངས་རན་པོ་ཞིག་མེད་ལ་དུས་ཚོད་འཁྱོལ་རྒྱུ་ཙམ་མ་གཏོགས་ཐུགས་ཕན་གསོས་པ་ཞིག་ཞུ་རྒྱུ་མེད་སོགས་དང་། ཡང་ཁོང་གིས་གསུང་གསལ། སྤྱི་ཡོངས་ནས་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ངོས་ནས་གཙོ་བོ་སྐྱབས་མགོན་ཀིརྟི་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་འོག་ཕྱག་ལས་ཧ་ཅང་ལྗིད་པོ་གནང་ཡོད། ལྷག་པར་སློབ་གཉེར་སྤྲོད་སྟངས་ནི་ཆོས་ཕྱོགས་ཙམ་མ་ཡིན་པར་སྲིད་ཀྱི་ལས་དོན་ཐོག་ས་བྱི་ཞི་རྒོལ་ཆེན་མོ་སོགས་གཞན་དང་མི་འདྲ་བའི་ལས་འགུལ་སྤེལ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། རྒྱལ་སྲས་བླ་སྤྲུལ་དང་། མཁན་བླ་ཟུར་རྣམ་པའི་གཙོས་སྐྱབས་ཡུལ་དགེ་འདུན་གྱི་སྡེ། འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་གི་བླ་མ་ལས་སྣེ་དང་། འདུ་ཚོགས། དེ་བཞིན་དེ་རིང་ང་ཚོ་ཚང་མའི་བསམ་བློ་ནི་ཉིན་གཉིས་སྔོན་བོད་ནང་བྱུང་བའི་ཡིད་སྐྱོའི་ཛ་དྲག་གི་གནས་ཚུལ་དེའི་ཐོག་འགྲོ་རྒྱུ་ཡིན་པ་སྨོས་མེད་རེད། ང་ཚོ་ཚང་མས་ས་ཡོམ་འཇིག་པའི་དབང་གིས་ཚེ་སྲོག་ཤོར་བ་དང་། རྨས་སྐྱོན་ཚབས་ཆེ་ཕོག་པ། སྡོད་གནས་བྲལ་བ། རང་གི་ཕ་མ་སྤུན་ཉེ་རྐྱེན་འདས་སུ་གྱུར་བ་དེ་འདྲའི་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་བོད་མི་དང་བོད་མི་ལས་གཞན་པའི་མི་གྲངས་འབུམ་ཕྲག་ཡས་མས་ཤིག་ལ་ད་ཐེངས་ཀྱི་རྐྱེན་ངན་དེ་འདྲ་བྱུང་མྱོང་ཡོད། ད་རེས་ཀྱི་གནས་ཚུལ་དེ་ཐོས་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཐུགས་སྨོན་མཛད་པ་དང་། དེ་བཞིན་ཆོས་རིག་ལས་ཁུངས་ནས་དམིགས་བསལ་སྨོན་ལམ་ཚོགས་གནང་བ་སོགས་ང་ཚོའི་ངོས་ནས་ཆོས་ཕྱོགས་ཀྱི་ལས་དོན་དེ་དག་ཚང་མ་ཞུས་པ་རེད།དེ་རིང་ང་ཚོ་འདིར་འཛོམས་པའི་སེར་སྐྱ་མང་ཚོགས་ཡོངས་སུ་རྫོགས་པ་བོད་མི་རིགས་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པར་སོང་། ང་ཚོ་ཚང་མས་མཉམ་རུབ་ཐོག་དམ་ཚིག་འོ་ཆུ་གཅིག་འདྲེས་སྒོ་ནས་རྗེས་ཤུལ་རྣམས་མྱུར་དུ་དཀའ་ངལ་ནས་གྲོལ་བའི་སྨོན་ལམ་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་བྱས་ན། བློའི་འདུན་པའི་སྨོན་ལམ་གྱི་ནུས་པ་ལ་བརྟེན་ནས་ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འཚབ་ཆེན་པོས་གོ་སྐབས་བྱུང་བ་ཡིན་ན། བཙན་བྱོལ་སྤྱི་ཚོགས་ནས་རོགས་པ་བྱེད་མཁན་གྱི་མི་དངོས་སུ་འགྲོ་རྒྱུ་དང་། དཔལ་འབྱོར་དང་མཐུན་རྐྱེན་གྱི་རྒྱབ་སྐྱོར་ཡང་གང་ཐུབ་ཅི་ཐུབ་བྱེད་དགོས་རྒྱུའི་གནས་ཚུལ་གཟིགས་ཀྱི་ཡོད། འོན་ཀྱང་ད་ལྟ་ང་ཚོའི་གནས་བབ་འོག་ནས་བསམ་བློའི་ནང་ཡོད་ནའང་། དོན་དངོས་ལག་ལེན་དུ་འཁྱོལ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། དེར་བརྟེན་ཁ་སང་༸གོང་ས་༸སྐྱབས་ཆེན་པོ་མཆོག་གི་གསུང་འཕྲིན་ནང་གང་ཐུབ་ཉམས་ཞིབ་མཛད་ཀྱི་ཡིན་ཞེས་བཀའ་ཕེབས་པ་མ་གཏོགས་འདི་ལྟར་གནང་གི་ཡིན། ཞེས་གསུངས་ཐུབ་རྒྱུ་ཞིག་མེད་པའི་གནས་སྟངས་ཤིག་རེད། ལོ་གཉིས་ཀྱི་སྔོན་ལ་ཟི་ཁྲོན་ཞིང་ཆེན་ནང་འབྱུང་བའི་གནོད་པ་ཆེན་པོ་བྱུང་སྐབས་༸གོང་ས་མཆོག་གིས་ཐུགས་འཚབ་ཆེན་པོས་ས་གནས་ས་ཐོག་ཏུ་༸ཞབས་བཅག་རྒྱུའི་ཐུགས་རེ་དང་འདུན་པ་ཆེན་པོ་མཛད་ཡོད། འོན་ཀྱང་དེ་ལྟར་བྱུང་མེད་པ་རེད།
དེ་བཞིན་ད་རེས་བརྒྱུད་ལམ་ཁག་ནས་གོ་ཐོས་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་སྒྱུར་བསྐྱང་གི་རེད་ཅེས་དེ་ལྟ་བུའི་གནས་ཚུལ་སྦིར་བསྒྲགས་ཡོང་གི་ཡོད་པ་འདྲ། ཕྱིའི་གནས་བབ་ཐོག་ནས་གྲ་སྒྲིག་པ་ཞིག་ཡོང་གི་ཡོད་ན། ༸གོང་ས་མཆོག་གིས་དགོངས་པར་གང་མྱུར་ས་གནས་ས་ཐོག་ཏུ་༸ཞབས་བཅག་རྒྱུ་བྱུང་ན་སྙམ་པའི་ཐུགས་དགོངས་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག སྡུག་བསྔལ་ནང་ཚུད་པའི་མང་ཚོགས་དེ་ཚོའི་རེ་འདུན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་ཡོང་རྒྱུའི་ང་ཚོས་གསོལ་འདེབས་སྨོན་ལམ་འདེབས་ཀྱི་ཡོད།
གནས་ཚུལ་དེ་ཚོ་གོ་སྐབས་དངོས་གནས་ང་ཚོའི་སྙིང་གི་གཏིང་ལ་ཚེར་མ་ཟུག་པ་ལྟར་འགུལ་སྐྱོད་ཐེབས་རྒྱུའི་གནས་སྟངས་ཤིག་རེད། ཕྱོགས་མཚུངས་འདས་པའི་ལོ་གཅིག་ནང་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་དུས་སྟོན་གཞི་རྒྱ་ཆེ་ཆུང་རྒྱས་བསྡུས་འདྲ་མིན་ཞིག་གཞུང་དང་། མང་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་བོད་མི་གནས་ཡུལ་ས་ཆ་གང་སར་གནང་ཡོད། འོན་ཀྱང་ཀིརྟི་གྲྭ་ཚང་གི་གོ་སྒྲིག་གནང་བའི་དུས་དྲན་གྱི་དམིགས་བསལ་མཛད་སྒོ་འདི་མཛད་སྒོ་གཞན་གང་དང་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་མང་པོ་ཞིག་ཡོད་པ་མཐོང་སོང་། གཙོ་བོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེས་འདས་པའི་ལོ་མང་པོའི་ནང་གྲྭ་ཚང་འདིའི་བཤད་སྒྲུབ་འཆད་ཉན་དང་འཁོར་ལོ་གསུམ་གྱི་བྱ་བའི་ཐོག་ལ་དམིགས་བསལ་གྱི་ཐུགས་འགན་བཞེས་ཏེ་ལམ་སྟོན་གནང་བའི་གྲུབ་འབྲས་ཤིག་དང་། གྲྭ་ཚང་གི་དགེ་འདུན་པ་རྒན་གཞོན་ཚང་མས་དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པའི་རབ་ཏུ་བྱུང་བའི་སློབ་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བར་གཅིག་ཏུ་བགྲོད་པའི་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བའི་དམིགས་བསལ་གྲུབ་འབྲས་ཤིག་ལ་ངོས་འཛིན་ཞུ་གི་ཡོད། དེར་བརྟེན་སྐྱབས་རྗེ་ཀི་རྟི་རིན་པོ་ཆེ་མཆོག་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་གྱི་ངོས་ནས་དད་གུས་དང་ལྡན་པའི་ཐོག་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ལས་ཀྱི་སྣེ་མོར་གཏོགས་པ་དང་དགེ་འདུན་པ་ཡོངས་ལ་ལེགས་གསོའི་བསྔགས་བརྗོད་ཀྱིས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་དེ་དགེ་འདུན་གྱི་སྡེ་གནས་དང་མ་གནས་ལ་རག་ལས་པ་ཡིན་ཞེས་ཡོངས་གྲགས་སུ་བཤད་སྲོལ་ཡོད། འོན་ཀྱང་དགེ་འདུན་སྡེ་ཞེས་པ་ནི་གྲྭ་པ་མང་པོ་ཞིག་རུག་རུག་བྱས་ཏེ་ཡོད་པ་ཙམ་གྱི་ཕན་ཐོགས་ཀྱི་མེད། ཐོས་བསམ་སྒོམ་གསུམ་གྱི་བྱ་བ་བྱེད་མཁན་དགེ་འདུན་གྱི་སྡེ་དང་དེ་ལ་ཡང་གཞི་གསུམ་གྱི་མཚོན་དམ་ཆོས་འདུལ་བའི་ཉམས་བཞེས་ཡོད་པ་ཞིག་ལ་དགེ་འདུན་སྡེ་ཞེས་བརྗོད་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།