༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །དེ་རིང་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༥ ཉིན་མོ་འདི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིར་ཕེབས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞུང་ཞབས་དྲུང་ཆེ་འགན་འཛིན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། ཁྱད་པར་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་འགན་འཁུར་བ་རྣམ་པ། དེ་བཞིན་དེ་རིང་འདིར་ཆེད་དུ་ཕེབས་པའི་རྒྱ་ཆེའི་མང་ཚོགས་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། རང་རེའི་ཁ་རྒྱུན་ལ་གནམ་ལ་ཉི་ཟླ་གཉིས་དང་། ས་ལ་༸རྒྱལ་བ་པཎ་ཆེན་ཞེས་ཤོད་སྲོལ་ཡོད་པ་མ་ཟད། ༸རྒྱལ་བ་ཡབ་སྲས་ཞེས་བོད་གངས་ཅན་ལྗོངས་སུ་ཡོངས་སུ་གྲགས་ཏེ་འདྲེན་པ་མཚུངས་ཟླ་མ་འཆིས་པ་༸རྒྱལ་དབང་ཕྱག་ན་པདྨོ་ན་རིམ་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དབར་ཕན་ཚུན་བླ་སློབ་སྐྱོང་རེས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་ཟབ་ཡོད་པ་ལྟར། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དོགས་གཞི་དང་བཅས་གློ་བུར་དགོངས་པ་ཆོས་དབྱིངས་སུ་ཐིམས་རྗེས། ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་གཞིས་བྱེས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། ཡོངས་རྫོགས་བསྟན་པའི་མངའ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྔར་གྱི་དམ་ཚིག་བརྟན་བཟུང་མཛད་དེ་ཆོས་ཕྱོགས་ཀྱི་ཕྱག་སྲོལ་ལྟར་ཐུགས་དམ་བརྟག་པ་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་མཐིལ་ཕྱིན་དང་སྦྲགས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ནག་ཆུ་ས་ཁོངས་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་རིགས་སྲས་དགེ་འདུན་ཆོས་ཀྱི་ཉི་མར་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གཏན་འཁེལ་མཛད་ཅིང་། མཚན་ལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཐོག ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་ཅེས་པ་ཆེད་རྩོམ་མཛད་པ་དང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ གཟའ་སྐར་དགེ་འཛོམས་ཉིན་གསལ་བསྒྲགས་བཀྲིན་བསྐྱངས་པ་ནས་བཟུང་དུས་དེ་རིང་གི་བར་འཛམ་གླིང་ནང་ནང་པ་ཡོངས་ནས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་ངོ་མར་དད་གུས་བརྩི་བཀུར་གཅིག་གྱུར་ཞུ་བཞིན་ཡོད། འོན་ཀྱང་རྒྱ་ཕྱོགས་ནས་ཆབ་སྲིད་ཀྱི་དགོས་དབང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ཏུ་ཕེབས་སྐབས་ནས་དོ་དམ་བཙན་ཉར་བྱས་ཏེ་དུས་ད་ལྟའི་བར་ལོ་མང་འདིའི་རིང་ཆུང་སྲིད་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་སྐུ་འཁོར་རྣམས་གར་ཡོད་ཆ་མེད་ཀྱིས་སྐུ་ཕྱའི་ཉེན་འགན་སྐོར་བོད་མི་རྣམས་བློ་འཚབ་ཡིད་གདུང་དྲག་པོའི་གནས་སུ་གྱར་བ་མ་ཟད། དོ་དམ་བཙན་འོག་ནས་མྱུར་དུ་གློད་བཀྲོལ་ཡོང་ཐབས་སྐོར་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སོགས་ཀྱིས་རྒྱལ་སྤྱིའི་ནང་འབོད་སྐུལ་དང་ལས་འགུལ་སྣ་ཚོགས་ཤིག་རིམ་བསྟུད་སྤེལ་གནང་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཡུལ་ལུང་སྤྱི་དང་། བྱེ་བྲག་དགོན་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་བཞིན་པའི་ཁོངས་པཎ་ཆེན་ཆུང་སྲིད་རིན་པོ་ཆེར་རྒྱབ་གཏོད་ངོ་རྒོལ་དང་རྒྱ་གཞུང་གིས་པཎ་ཆེན་ཡང་སྲིད་དུ་བསྐོ་འདེམས་བྱས་པའི་རྒྱལ་མཚན་ནོར་བུར་གུས་བཀུར་ཆེ་བསྟོད་དང་། ཁོ་པའི་འདྲ་པར་སྒྲིག་ཤོམ་དགོས་པའི་བཙན་བཀའ་བཏང་དང་གཏོང་བཞིན་པ་རེད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་བོད་ཀྱི་བསྟན་སྲིད་དང་། བོད་འབངས་རྣམས་ཀྱི་བདེ་སྡུག་ཁོ་ནའི་ཆེད་དུ་སྐུ་ཚེ་ཧྲིལ་པོ་སྐུ་ངལ་ལ་གདོང་ལེན་གནང་སྟེ་གང་ཉིད་ལ་དལ་སྐྱིད་ལྷོད་གསུམ་གྱི་གོ་སྐབས་ནམ་ཡང་མ་བྱུང་ཞིང་། དེ་ཡང་ཕྱི་ལོ་ ༡༩༦༢ ལོར་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་བདེ་སྡུག་གནད་དོན་དང་འབྲེལ་བའི་སྙན་ཞུ་ཡིག་འབྲུ་ཁྲི་བདུན་ཞེས་ཡོངས་སུ་གྲགས་པ་དེ་དག་རྒྱ་ནག་གི་དབང་འཛིན་པར་འབུལ་གནང་མཛད་དེ་བོད་མིའི་ཁེ་དབང་གི་དོན་དུ་རྒྱ་དམར་ལ་དཔའ་མཛངས་སྙིང་སྟོབས་ཀྱི་སྒོ་ནས་གདོང་ལེན་འཐབ་རྩོད་འཇིགས་ཞུམ་མེད་པར་མཛད་པ་དང་། དེ་བཞིན་རིག་གནས་གསར་བརྗེའི་སྐབས་པཎ་ཆེན་རིན་པོ་ཆེར་ཉེས་འཛུགས་ཀྱི་ཞྭ་མོ་ལོ་ཉི་ཤུ་རྩ་བཞི་རིང་གཡོགས་ཤིང་། ལོ་དགུ་ཙམ་རིང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་དང་། འཐབ་འཛིང་མི་བཟོད་པ་མྱོང་གནང་མཛད་དགོས་བྱུང་ན་ཡང་། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་སྙིང་སྟོབས་ལ་འགྱུར་བ་མེད་པར་བཞུགས་པ་རེད། དེ་རྗེས་བོད་ནང་སྲིད་བྱུས་ལྷུག་གཏོང་གི་གོ་སྐབས་བྱུང་མ་ཐག་སྔོན་དུ་རིག་གནས་གསར་བརྗེ་ཟེར་བའི་སྐབས་བོད་མིའི་ཤེས་ཡོན་བསྟི་གནས་དགོན་སྡེ་གྲྭ་ཚང་སྟོང་ཕྲག་མང་པོ་གཏོར་རྒོལ་ཉམས་ཆག་བཏང་བ་རྣམས་ཞིག་གསོ་གསར་བཞེངས་དང་། གྲྭ་རྒྱུན་གསར་འཇུག བོད་མིའི་འདི་ཕྱིའི་བསོད་ནམས་གསོག་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བསྐྱར་གསོ་དང་། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ། བོད་མི་རིགས་རྣམས་མཐུན་ལམ་གོང་བུ་ཆིག་སྒྲིལ་ཡོང་ཕྱིར་སྐུ་ངལ་ལ་ལྟོས་མེད་བོད་ས་གང་སར་ཞབས་ཀྱིས་བཅགས་ཏེ་བླང་དོར་བཀའ་སློབ་ལམ་སྟོན་མཛད་པ་སོགས་བོད་ཀྱི་བསྟན་སྲིད་དང་། མི་རིགས་བཅས་པར་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་ཡོད་པ་སོགས་ལ་ད་རེས་གོ་སྐབས་འདི་དང་བསྟུན་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན། ད་ལྟ་འཚོ་ཞིང་བཞུགས་པར་སྨོན་པའི་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་ནི་འཛམ་གླིང་ནང་ཆབ་སྲིད་ཀྱི་བཙོན་པ་དགུང་ན་ཆུང་ཤོས་དེ་ཡིན་པས་འཕྲལ་དུ་གློད་བཀྲོལ་དང་། ད་ལྟ་དགུང་ལོའི་བབ་ནས་བོད་ཀྱི་ཆོས་དང་ཐོུང་མ་ཡིན་པའི་རིག་གཞུང་ཁག་ལ་བསླབ་པ་སློབ་གཉེར་མཐར་ཕྱིན་གནང་རྒྱུ་དང་། རང་གི་སྐྱོང་ཡུལ་ཆོས་སྡེ་བཀྲིས་ལྷུན་པོར་གདན་ཞུས་ཀྱིས་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་ཐབས་བཅས་ཀྱི་གོ་སྐབས་འབུལ་དགོས་ཞེས་རྒྱ་གཞུང་ལ་རེ་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༥ ལ།།