༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་ལྟར་དཔལ་ལྡན་སྐུ་སྒེར་ཡིག་ཚང་མཆོག་གིས་འགྲོ་གྲོན་གཏོང་གནང་མཛད་པའི་སྒོ་ནས་ལྷ་ས་རིགས་ལམ་སློབ་གཉེར་ཁང་གི་གོ་སྒྲིག་འོག་མ་འོངས་པར་རྒྱ་སྐད་དང་དབྱིན་སྐད་ཐོག་ནང་པ་སངས་རྒྱས་པའི་ཆོས་རང་རྐྱ་ཕེར་ངེས་འཆད་སྤེལ་ཐུབ་པ་ཞིག་ཡོང་རྒྱུར་དམིགས་ཏེ་ནང་ཆོས་ཐོག་ཤེས་ཚད་མཐོན་པོར་སོན་པའི་རིས་མེད་དགེ་འདུན་པ་གྲངས་ཉི་ཤུ་ཐམ་པ་ ༢༠༡༠ ཕྱི་ཟླ་ ༧ ཚེས་ ༡ ནས་ ༢༠༡༡ ཕྱི་ཟླ་ ༦ ཚེས་ ༣༠ བར་གནས་སྐབས་དུས་ཡུན་ལོ་གཅིག་རིང་རྒྱ་སྐད་དང་དབྱིན་སྐད་སྦྱོང་བརྡར་བྱ་ཆེད་བསྡུ་བཞེས་བྱ་རྒྱུ་ཡིན། སྦྱོང་བརྡར་ནང་འཛུལ་ཞུགས་གནང་མཁན་རིས་མེད་དགེ་འདུན་པ་རྣམ་པར་གཤམ་གསལ་ཆ་རྐྱེན་རྣམས་ཚང་དགོས་པ་ཡིན།
༡། ནང་ཆོས་ཐོག་ཤེས་ཚད་མཐོན་པོར་སོན་པའི་ལག་འཁྱེར་ངོ་བཤུས་དང་ངོས་སྦྱོར་དགོས་རྒྱུ།
2། རྒྱ་སྐད་དང་དབྱིན་སྐད་གང་རུང་གི་ཐོག་མ་མཐར་འཛིན་གྲྭ་བརྒྱད་པའི་ཤེས་ཚད་དང་མཉམ་པ་དགོས་རྒྱུ།
༣། དོ་བདག་སོ་སོའི་དགོན་སྡེ་གྲྭ་ཚང་དང་ཚོགས་པ་སོགས་ཁུངས་གང་ཡིན་ནས་ཡིག་ཐོག་ཏུ་དགོངས་འཁྲོལ་གནང་ཐོབ་བྱུང་བ་ངེས་པར་དུ་དགོས་རྒྱུ།
4། སྐད་ཡིག་སྦྱོང་བརྡར་བྱ་བའི་དུས་ཡུན་ལོ་གཅིག་གི་རིང་རིགས་ལམ་སློབ་གཉེར་ཁང་གི་སྒྲིག་ཁྲིམས་དང་ལྷག་པར་དུ་སྐད་ཡིག་སྦྱོང་བརྡར་འཛིན་གྲྭའི་སྒྲིག་གཞི་དང་། དམིགས་བསལ་ཛ་དྲག་ནད་མནར་བྱུང་ན་ལས་དེ་མིན་དགུང་སེང་དུ་འགྲོ་བསྐྱོད་མི་ཆོག་པ་སོགས་ལ་བརྩི་སྲུང་ངེས་པར་དུ་བྱ་དགོས་རྒྱུ།
5། གཟུགས་གཞི་བདེ་ཐང་ཡིན་པའི་ཁུངས་སྐྱེལ་ཆེད་ཚད་ལྡན་སྨན་པའི་ངོས་སྦྱོར་དང་དོ་བདག་སོ་སོ་ནས་ཀྱང་གཟུགས་གཞི་བདེ་ཐང་ཡིན་པའི་ངོས་ལེན་ཡི་གེ་དགོས་རྒྱུ།
6། རྒྱ་གར་ནང་བཅའ་སྡོད་ཆོག་པའི་ལག་འཁྱེར་དང་རང་དབང་དཔྱ་དེབ་ལག་འཁྱེར་མེད་པ་དང་། དགོན་སྡེ་སོགས་ནས་ཕྱིར་བུད་བཏང་རིགས་སོགས་ཀྱི་ཞུ་སྙན་ལ་ངོས་ལེན་ཞུ་རྒྱུ་མིན་པ་བཅས།
ཟུར་འཛུགས་ཞུས་པའི་འདེམས་སྒྲུག་ཚོགས་ཆུང་ནས་འབྲི་རྒྱུགས་དང་ངག་རྒྱུགས་ཀྱི་ཐོག་ནས་སྙན་ཞུ་འབྱོར་རིགས་ཁོངས་ནས་དྲག་འདེམས་བྱ་རྒྱུ་ཡིན། དབྱིན་སྐད་དང་རྒྱད་སྐད་གང་རུང་གཅིག་སྦྱོར་བརྡར་བྱ་རྒྱུའི་གོ་སྐབས་ཡོད་པ་ལས་གཉིས་ཀ་སྦྱོང་རྒྱུའི་གོ་སྐབས་མེད། དབྱིན་སྐད་དང་རྒྱ་སྐད་གང་རུང་དོན་གཉེར་ཆེན་པོས་སྦྱོང་བརྡར་བྱ་འདུན་ཤུགས་ཆེ་བཅོས་མིན་ཡོད་མཁན་རྣམས་ནས་གོང་གསལ་ཆ་རྐྱེན་རྣམས་ཚང་ཡོད་པའི་ཁུངས་དང་དཔང་རྟགས་རེ་རེའི་ཡིག་ཆ་མཉམ་སྦྱོསབྱར་དང་འབྲེལ་དོ་བདག་སོ་སོའི་ཞལ་བྱང་ཆ་ཚང་དང་ཞལ་པར་ཨང་གྲངས། མཚན་རྟགས་བཅས་འཁོད་པའི་ཞུ་སྙན་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གྱི་མཚན་ཐོག་ཏུ་གང་མགྱོགས་འབུལ་འབྱོར་ཐུབ་པ་དགོས་པ་བཅས་དགོངས་འཇགས་ཞུ།
རིགས་ལམ་སློབ་གཉེར་ཁང་གི་ཡིག་ཚང་ནས་
༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༩ ཉིན།།
Director
Institute of Buddhist Dialectics
Mcleod Ganj
Dharamsala 176219
H.P.