༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༥ ནས་ ༢༤ བར་ཉིན་བཅུའི་རིང་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་རྣམ་པའི་ཁུར་འཁྲིའི་ལས་འགན་ཚགས་ཚུད་ཡར་རྒྱས་ཡོང་སླད་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་ས་ར་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། ཟབ་སྦྱོང་དེར་བཙན་བྱོལ་བོད་གཞུང་གི་སྲིད་ཞུའི་ལས་བྱེད་ཡིན་མུས་ཁག་གཅིག་དང་། ལས་བྱེད་གསར་པ་ཁག་གཅིག་བཅས་ཁྱོན་སྲི་ཞུ་བ་གྲངས་ ༢༨ ལ་གོ་སྐབས་གནང་ཡོད། ཟབ་སྦྱོང་སྤྲོད་མཁན་ཁོངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། རྩིས་ཞིབ་ལས་ཁུངས། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། བཀའ་ཤག འབྲེལ་ཡོད་ལྷན་ཁང་ཁག དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་བཅས་ཀྱི་སྐུ་ཚབ་རྣམས་ཕེབས་ཡོད་ཅིང་། ཁོང་རྣམས་ནས་བཅའ་ཁྲིམས་དང། གཞུང་ཞབས་ལས་བྱེད་པའི་བླང་དོར་སྒྲིག་གཞི། ལྷན་ཁང་སོ་སོའི་བྱེད་སྒོ་ཁག ནང་ཆོས། གློག་ཀླད། ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག ཟབ་སྦྱོང་ཉིན་དང་པོར་གཞུང་ཞབས་འདེམས་ལྷན་གྱི་འགན་འཛིན་མཆོག་གིས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གྲུབ་མཚམས་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།