༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་གསར་འགོད་པ་གཙོ་བོར་གྱུར་བའི་ཕྱི་ནང་གི་གསར་འགོད་པ་གྲངས་ཉི་ཤུ་ཙམ་ལ་དུས་ཡུན་སྐར་མ་ ༢༠ ཙམ་གྱི་རིང་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་དམིགས་ཏེ་ཐོག་མར་དབྱིན་སྐད་དང་དེ་རྗེས་བོད་སྐད་ཐོག་གསར་འགོད་གསལ་བསྒྲགས་མཛད་དོན། སྔོན་མ་ཟི་ཁྲོན་དུ་ས་ཡོམ་བྱུང་སྐབས་བློའི་ཟུར་ཞིག་ལ་ས་གནས་ས་ཐོག་ཏུ་བསླེབ་ཐུབ་པ་བྱུང་ན་བསམ་པ་ལྟ་བུ་ཞིག་བྱུང་། གཞན་དག་ང་ཚོས་གང་ཡང་བྱེད་ཐུབ་རྒྱུ་མེད། འོན་ཀྱང་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང་། ཤུལ་ལུས་མང་པོ་ཞིག་ནད་པ་ཆགས་ཏེ་སེམས་ལ་ཧ་ཅང་དངངས་སྐྲག་སྐྱེས་ཏེ་མི་ཚེ་གང་ཡང་བྱུང་མ་སོང་བསམ་པ། དེ་འདྲའི་འུ་ཐུག་སྟེ་རེ་ཐག་ཆོད་དེ་སྡོད་མཁན་ཚོར་བློ་བག་སྤྲོད་རྒྱུ་ཞིག་དང་སེམས་གསོ་གཏོང་རྒྱུར་ཕྲན་བུ་ཕྲན་བུ་ཞིག་བྱེད་ཐུབ་ཀྱི་རེད་བསམས་ཏེ་དེ་དུས་འགྲོ་ཐུབ་ན་བསམ་པའི་རེ་བ་བྱུང་། འོན་ཀྱང་མ་བྱུང་བ་རེད། དེ་རྗེས་ཐེ་ཝན་དུ་ཆུ་རླུང་གིས་གོད་ཆག་བྱུང་སྐབས་ངོས་དེར་ཡོང་རོགས་ཞེས་མགྲོན་འབོད་བྱེད་མཁན་ཞིག་བྱུང་བ་ལྟར། མཐར་བསླེབས་ཐུབ་པ་རེད། དེ་དུས་སྙིང་རྗེ་འདས་གྲོངས་སུ་ཕྱིན་པའི་ཁྱིམ་མི་ལྷག་ཡོད་པ་འགའ་ཤས། ངོས་ཐུག་སྟེ་བྱམས་པོ་བྱེད་སྐབས་ཁོང་ཚོར་སྐབས་དེར་སེམས་ལ་ངལ་གསོ་ལྟ་བུ་ཐོབ་སྟེ་དགའ་པོ་བྱེད་ཀྱི་འདུག དེ་བཞིན་ཐེ་ཝན་གྱི་ནང་པ་ཚོའི་ལྷན་དུ་སྨོན་ལམ་རྒྱག་རྒྱུ་བྱུང་བས། ངོས་རང་ཡིད་ཚིམས་པོ་ཞིག་དང་ཆོས་གྲོགས་མང་པོ་ཞིག་ཀྱང་ཡིད་ཚིམས་པོ་བྱུང་སོང་། སྐབས་དེའི་ཐེ་ཝན་གྱི་ཚགས་པར་མང་པོ་ཞིག་ནང་ཧ་ཅང་དགའ་པོ་བྱུང་སྐོར་གྱི་གནས་ཚུལ་ཐོན་ཡོད། ད་རེས་ཕྱོགས་གཅིག་ནས་བོད་ཀྱི་ས་ཁུལ་ཆགས་ཡོད་པ་དང་། གཉིས་ནས་མཚོ་སྔོན་ཞིང་ཆེན་དེ་པཌྷ་ཆེན་ཞིང་གཤེགས་དང་ངོས་ལ་ཆ་བཞག་ན། མཚོ་སྔོན་ནས་ཡོང་བའི་ཨ་མདོ་བ་ཞིག་ཆགས་ཡོད། དེར་བརྟེན་ཕ་གིར་བསླེབ་ཐུབ་ན་བསམ་པའི་རེ་བ་དེ་འདྲ་ཞིག་འཁོར་གྱི་ཡོད། དེར་བརྟེན་གོ་སྐབས་བྱུང་ཚེ་འགྲོ་ཐུབ་ན་བསམ་པའི་རེ་བ་བྱུང་། དེ་ཁྱེད་རང་ཚོར་ཞུ་འདོད་བྱུང་། འོན་ཀྱང་སྒྲུབ་དང་མ་བསྒྲུབ་ཟེར་རྒྱུ་དེ་རྐྱེན་མང་པོ་ཞིག་ལ་ལྟོས་ཡོད་པ་རེད། གལ་ཆེ་ཤོས་ས་གནས་ས་ཐོག་ཀྱི་མི་མང་པོ་ཞིག་གིས་ངོས་ཀྱི་མིང་ནས་འབོད་རྒྱུ་ལྟ་བུ་དང་། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་ཡོང་གི་རེད་ཟེར་རྒྱུའི་སྐད་ཆ་དེ་ད་ལྟ་ནས་གླེང་གི་ཡོད་པའི་སྐད་ཆ་ཞིག་འདུག དེར་བརྟེན་མི་མང་ཚོ་ཤེས་གསལ་རེད། ཧ་ལས་པའི་དད་པ་དང་། འདུན་པ། དམ་ཚིག་གཡོ་བ་མེད་པ་ཡོད་པར་བརྟེན། ཕ་གིར་བསླེབ་ཐུབ་པ་བྱུང་ན། གཞན་དག་ངོས་ཀྱིས་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་མི་མང་པོ་ཞིག་ལ་སེམས་སྤོབས་བསླེབ་རྒྱུ་དང་སེམས་ནང་གི་སྡུག་བསྔལ་དེ་ཕྲན་བུ་ཆུང་དུ་འགྲོ་རྒྱུ་ཞིག་ཕལ་ཆེར་ཡོང་གི་རེད།
དེར་བརྟེན་ངོས་ཀྱི་རེ་བ་དེ་འདྲ་ཞིག་རྒྱག་གི་ཡོད། དེ་ཁྱེད་རང་ཚོར་ཞུ་འདོད་བྱུང་། དེ་བཞིན་རྒྱལ་སྤྱིའི་རོགས་རམ་བྱེད་མཁན་ཚོའི་ཐོག་ལ་ངོས་ཀྱིས་གཅིག་ཞུ་འདོད་བྱུང་། ད་ལྟ་རོགས་རམ་ཕལ་ཆེར་ཤུགས་ཆེན་པོ་འདུག རོགས་རམ་དེ་དག་ཕ་གིར་ས་གནས་ས་ཐོག་ཏུ་ང་ཚོ་བོད་པའི་ཁ་རྒྱུན་ཡོད་པ་ལྟར། ནད་ཐོག་སྨན་འཁེལ་ཡོང་རྒྱུ་དེ་གལ་ཆེན་པོ་ཡིན། སྐབས་རེ་རོགས་རམ་བྱས་པ་དེ་དག་ཕ་གིར་ས་གནས་ས་ཐོག་ཏུ་དངོས་གནས་རོགས་རམ་བྱེད་དགོས་སའི་དམིགས་ཡུལ་ཐོག་ཏག་ཏག་མ་འཁྱོལ་བ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་ཏེ་རོགས་རམ་གནང་མཁན་ཚོས་ཡིན་གཅིག་མིན་གཅིག་ས་ཐོག་ཏུ་མི་ཕྱིན་ཏེ་ཕ་གིར་རོགས་རམ་དེ་དག་ཏག་ཏག་ནད་ཐོག་སྨན་འཁེལ་ཡོང་རྒྱུར་ཐུགས་སྣང་ཤུགས་ཆེ་ཙམ་གནང་རོགས་ཞེས་ཞུ་འདོད་བྱུང་། དེ་དང་ཆབས་ཅིག་ཕ་གིར་རོགས་རམ་བྱེད་ས་ཧ་ཅང་མང་པོ་ཡོད་པ་རེད། ཛ་དྲག་དེ་སློབ་སྦྱོང་ཐོག་སློབ་གྲྭ་ཉམས་ཆག་ཕྱིན་ཏེ་ཕྲུ་གུ་སློབ་སྦྱོང་བྱེད་སའི་གོ་སྐབས་མེད་པ་ལྷག་པ་དེ་ཚོའི་གྲས་ཀྱི་སློབ་ཕྲུག་སློབ་སྦྱོང་ཟླ་བ་གཅིག་འཐུས་ཤོར་ཕྱིན་པ་ཡིན་ནའང་། མི་ཚེ་འཐུས་ཤོར་འགྲོ་རྒྱུའི་འགག་རྩར་ཐུག་གི་ཡོད་སྟབས། སྔོན་ལ་རིམ་པ་དང་པོ་དེར་སློབ་སྦྱོང་ཐོག་ལ་འཐུས་མི་ཤོར་བ་ཞིག་ཛ་དྲག་གི་འཕྲལ་སེལ་འཛིན་ཁང་རྒྱག་རྒྱུ་དེ་རིམ་པོ་དང་པོར་འཇོག་དགོས་ཀྱི་མེད་དམ་དྲན་བྱུང་། དེ་ནས་འཕྲོད་བསྟེན་གྱི་སྨན་བཅོས་མཐུན་རྐྱེན་དེ་དག་ཛ་དྲག་ཆགས་ཡོང་གི་ཡོད། དེར་བརྟེན་དེ་ཚོའི་གྲས་ཏེ་ངོས་ཀྱིས་གལ་ཆེ་ཤོས་མཐོང་གི་འདུག དེ་རིང་གི་གནས་ཚུལ་དེ་འདྲ་ཞིག་ཞུ་འདོད་བྱུང་། དེ་བཞིན་ང་ཚོ་བོད་མི་བཙན་བྱོལ་དུ་ཡོད་པ་ཚོའི་ཐོག་ནས་ཡིན་ནའང་། དེ་རིང་གི་གནས་ཚུལ་དེ་གོ་བ་དང་མི་མང་པོ་ཞིག་གི་སེམས་ལ་ཕྱོགས་གཅིག་ནས་སྨོན་ལམ་བརྒྱབ་པ་དང་ཆབས་ཅིག་དངོས་པོའི་ཐོག་ནས་ཕྲན་བུ་ཕྲན་བུ་ཕན་ཐོགས་བྱེད་ཐུབ་རྒྱུའི་ཚང་མས་སེམས་ཤུགས་སྐྱེད་དེ་བསྡད་འདུག ཧ་ཅང་ཡག་པོ་རེད། རིམ་པས་ཞལ་འདེབས་སྤྲོད་ས་དེ་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་ཀྱི་ལམ་ཞིག་རྙེད་མདོག་ཁ་པོ་རེད། དེ་རྙེད་ན་ང་རང་ཚོས་ག་ཚོད་ཐུབ་ཐུབ་ཀྱི་ཆེ་བཞག་ཆུང་བཞག་ཐོག་ནས་རོགས་རམ་བྱེད་རྒྱུ་དེ་ཧ་ཅང་གནད་འགག་ཆེ་པོ་ཡིན།
ཁ་སེང་ཛ་དྲག་གི་གནས་ཚུལ་བྱུང་མ་ཐག་ཉེ་འཁོར་དུ་ཡོད་པའི་དགོན་ཁག་ཚོའི་ནང་ནས་དགེ་འདུན་པ་དང་སློབ་ཕྲུག་སོགས། གཡས་གཡོན་ས་ཁུལ་གྱི་ང་ཚོ་བོད་རིགས་ནང་ཁུལ་ནས་རོགས་རམ་བྱེད་རྒྱུ་དང་ས་འོག་ཏུ་ཡོད་པའི་མི་འདོན་རྒྱུ་རེད། ཕྱོགས་མཚུངས་རྨས་སྐྱོན་ཆེན་པོ་ཕོག་པའི་གྲས་ལ་སྔོན་ལ་སེམས་གསོ་ཞིག་ལས་མ་བྱུང་ཡང་གཏོང་རྒྱུ་སོགས་ཧུར་ཐག་འབད་ཐག་བྱས་འདུག ཧ་ཅང་དགའ་པོ་བྱུང་ངོས་ཀྱིས་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། ང་ཚོ་འདིར་ས་ཁད་འགྱངས་ནས་བསྡད་ཡོད་སྟབས་བྱ་རྒྱུ་གང་ཡང་མི་འདུག ཕ་གིར་ཁྱེད་རང་ཚོས་དངོས་གནས་བྱང་ཆུབ་སེམས་པའི་ཉམས་ལེན་ནང་བྱང་ཆུབ་སེམས་པའི་ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཞེས་ཏེ་ཚུལ་ཁྲིམས་རྣམ་པ་གསུམ་བཤད་ཡོད་པ་རེད། ཚུལ་ཁྲིམས་རྣམ་པ་གསུམ་གྱི་ནང་ནས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཞེས་པ་དེའི་ནང་སེམས་ཅན་གྱི་དོན་བྱ་བ་བཅུ་གཅིག་ཅེས་ཡོད་པ་རེད། འདས་གྲོངས་སུ་ཕྱིན་པའི་རྗེས་ཤུལ་ཚོར་སེམས་གསོ་གཏོང་རྒྱུ་དང་། དེ་བཞིན་རྨས་སྐྱོན་ཆེན་པོ་ཕོག་པ་དེ་ཚོའི་གྲས་ལ་དངོས་སུ་ལུས་པོའི་འཕྲོད་བསྟེན་ཐོག་ནས་རོགས་པ་བྱེད་རྒྱུ་དེ་དག་སེམས་ཅན་དོན་བྱ་བ་བཅུ་གཅིག་ནང་གི་དོན་ཚན་ཆགས་ཡོད་པ་རེད། དེ་བཞིན་ཕྱིན་ཆད་ཁྱིམ་ཚང་གསར་པ་འཛུགས་སྐྲུན་བྱེད་དགོས་རྒྱུའི་ཐོག་ལ་ལམ་སྟོན་དང་རྒྱུས་ཡོད་བྱེད་རྒྱུ་རེད། སེམས་ལ་བློ་སྟོབས་དང་སྙིང་སྟོབས་བསླབ་རྒྱུ་དེ་ཚོའི་གྲས་རྣམས་གཞན་དོན་སྒྲུབ་རྒྱུ་གང་ལྟར་བྱང་ཆུབ་སེམས་པའི་བསླབ་བྱའི་ནང་དོན་ཚན་དེ་དག་ཧ་ལམ་གསལ་ཡོད་པ་རེད། དེར་བརྟེན་ད་ལྟ་ཁྱེད་རང་ཚོས་བྱ་བ་རྣམས་ཧ་ཅང་ཡག་པོ་བྱུང་འདུག་པས་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། ད་དུང་ཡིན་ཡང་ཚང་མས་ཧུར་ཐག་བྱེད་རོགས་ཞེས་ཞུ་རྒྱུ་གཅིག་ཡིན། དེ་ནས་དོན་ཚན་གཅིག་ལ། ད་རེས་རྒྱ་ནག་གཞུང་ནས་ཡིན་ནའང་། ས་ཁུལ་དེར་གནས་ཚུལ་བྱུང་བ་དང་རྒྱ་ནག་གཞུང་གིས་མཐོ་རིམ་མི་སྣ་དེ་འདྲ་བཏང་། ལྷག་པར་སྲིད་བློན་ཝུན་ཅ་པའོ་ཁོ་རང་ད་རེས་དངོས་སུ་ས་ཆ་དེར་ཕྱིན་ཏེ་གནས་ཚུལ་ལ་བལྟས་འདུག ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཞེས་བཀའ་སློབ་སྩལ་ཡོད། །