༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིཀ་ནང་ཀླད་ཁམས་རིག་པའི་ལྟ་གྲུབ་སྨྲ་བ་དང་། སེམས་ཁམས་རིག་པའི་ལྟ་གྲུབ་སྨྲ་བ། དཔལ་འབྱོར་དང་ཚོང་ལས་སྡེ་ཚན་གྱི་མི་སྣ། མི་རིགས་དཔྱད་ཞིབ་པའི་མཁས་དབང་དང་། ལྟ་གྲུབ་སྨྲ་བ་དང་མཉམ་བཞག་གམ་ཞིབ་ལྟའི་ཚན་རིག་པ་ (Contemplative Science) བཅས་ལྷན་འཛོམས་ཐོག དཔལ་འབྱོར་ལམ་ལུགས་ནང་གཞན་ཕན་དང་བྱམས་བརྩེའི་ཉམས་ལེན། ཞེས་པའི་བརྗོད་གཞིའི་ཐོག་ནང་ཆོས་དང་ཚན་རིག་བགྲོ་གླེང་གི་ཚོགས་མགོན་དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད།
ལྷན་ཚོགས་དེར་ཐོག་མ་ཛུ་རིཀ་གཙུག་ལག་སློབ་ཁང་ (University of Zurich) གི་ཚོགས་གཙོ་སྐུ་ཞབས་ཨེན་ཌི་རི་ཡས་ཕི་ཤར་ (Andreas Fisher) ལགས་ཀྱིས་ལྷན་ཚོགས་སུ་ཆེད་ཕེབས་གནང་བའི་མང་ཚོགས་རྣམས་ལ་འཚམས་འདྲི་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་འདུད་དང་ཆེ་མཐོང་ཆེན་པོའི་ཐོག་ནས་མི་མང་རྣམས་ལ་ངོ་སྤྲོད་ཞུས་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན། ངོས་ཀྱིས་དངུལ་གསོག་སྒྲུབ་བྱེད་ཤེས་ཀྱི་མེད། འོན་ཀྱང་དངུལ་དེ་གལ་ཆེ་ཡིན་པ་ཤེས་ཀྱི་ཡོད་ཅེས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གི་གྲོགས་པོ་ཚོང་པ་ཞིག་ལ་ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་ཐོག་འཕྲད་བཞིན་པའི་དཀའ་ངལ་དེའི་རྩ་བ་གང་ཞིག་ལ་ཐུག་ཡོད་སྐོར་གྱི་དྲི་བ་འདོན་གནང་མཛད་པར་ཁོང་གིས། དཀའ་ངལ་དེའི་རྩ་བ་མིའི་འདོད་རྔམ་གྱིས་རང་ཉིད་ལ་ཁེ་ཐོབ་ཆེད་གཞན་བསླུ་སེམས་ཀྱི་ཀུན་སློང་དེར་ཐུག་ཡོད་སྐོར་དངོས་ཡོད་ཀྱི་མྱོང་ཚོར་སྙན་སྒྲོན་ཞུས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཚོགས་བཅར་བ་ཚང་མར་རྣམ་དཔྱོད་ཀྱི་ཤེས་རབ་གོང་མཐོར་བཏང་བའི་ཐོག་དཔལ་འབྱོར་ལམ་ལུགས་ཀྱི་ཁ་ཕྱོགས་བཟང་དུ་གཏོང་དགོས་པའི་འབོད་སྐུལ་ཡང་མཛད་ཡོད།སྐབས་དེར་ཀླད་ཁམས་ཚན་རིག་པ་ཏཱ་ནི་ཡ་སིངྒར་ (Tania singer) ལགས་དང་རི་ཆཌ་ཌེ་ཝིཌ་སོན་ (Richard Davidson) ལགས་བཅས་ཀྱིས་གང་ཟག་གཞན་གྱི་བསམ་པ་ཤེས་རྒྱུར་ཀླད་རྩའི་བརྒྱུད་ལམ་གཉིས་ཡོད་པ་ནི་གཞན་གྱི་ཚོར་སྣང་མྱོང་ཐུབ་པའི་བདག་གཞན་མཉམ་བརྗེས་ཀྱི་བསམ་པ་དང་། བྱམས་བརྩེའི་བསམ་པ་དེ་གཉིས་ཀྱི་བརྒྱུད་ལམ་གཅིག་དང་། དྲན་ཤེས་བརྟན་པོས་གཞན་གྱི་བསམ་བློར་དཔྱོད་བཞིན་པའི་སྐབས་བཅས་གཉིས་ཡིན་སྐོར་གསུངས། དེ་ཡང་ལྕམ་ཏཱ་ནི་ཡ་སིངྒར་ལགས་ཀྱིས་ཀླད་རྩའི་འབྲེལ་ལམ་དང་བྱམས་བརྩེའི་བསམ་བློའི་དབར་འབྲེལ་བ་ཇི་ཡོད་འགྲེལ་བཤད་གྲུབ་མཚམས་ལྕམ་སྐུ་ལགས་ཀྱིས་མུ་མཐུད་གསུང་དོན། མི་ཁག་གཅིག་གིས་རང་གི་ཚོར་བ་ངོས་འཛིན་མ་ཐུབ་པའི་དཀའ་ངལ་ཡོད་པ་དེ་རིགས་ལ་སྒོམ་གྱིས་ཕན་ཚུལ་གསུངས། སྐབས་དེར་སྐུ་ཞབས་རི་ཆཌ་ཌེ་ཝིཌ་སོན་ལགས་ཀྱིས་གནད་དོན་དེ་དང་འབྲེལ་ནས་གསུང་དོན། མི་ཚོར་གཞན་གྱི་ཚོར་བ་ཤེས་རྒྱུའི་བདག་གཞན་མཉམ་བརྗེས་བསམ་པ་ (Empathy) དང་བྱམས་བརྩེའི་བསམ་པ་ (Compassion) ཡོད་ཀྱང་ཚད་གཞི་མི་འདྲ་བ་ཡིན། ཚོར་ཤེས་དེ་དག་མིའི་གཟུགས་ཕུང་གྲུབ་དུས་ནས་བྱུང་བ་ཞིག་ཡིན་སྟབས་རྩ་བ་དེ་ལུས་ཀྱི་འབྱུང་བའི་རང་བཞིན་ལ་བརྟེན་ཡོད། དེར་བརྟེན་ཚོར་ཤེས་གཉིས་པོ་དེ་ལུས་ཀྱི་རྩལ་ལྟ་བུ་སྦྱོང་བརྡར་བྱེད་པའི་ཐོག་གོང་མཐོར་གཏོང་རྒྱུ་ཡོད་པ་ཞིག་ཡིན་ཞེས་གསུངས། དེ་རྗེས་ཁོང་གིས་གནད་དོན་དེར་ཀླད་ཁམས་ཚན་རིག་ཐོག་ཉམས་ཞིབ་བྱས་པའི་སྙན་ཐོ་ཞིག་གི་ནང་ཇི་ཙམ་གྱི་བློ་ལ་སྦྱོང་བརྡར་མང་བ་བྱས་པའི་གང་ཟག་དེས་གཞན་ཕན་གྱི་བསམ་བློ་ཤུགས་ཆེ་བ་གཏོང་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
གུང་ཚིགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ཁག་གཅིག་དང་ཐུག་འཕྲད་ཀྱིས་བཀའ་སྩལ་དོན། ཉེ་ལམ་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ཐོག་དཀའ་ངལ་འཕྲད་པ་དེས་དངུལ་གྱིས་ནང་གི་ཞི་བདེ་བསྐྲུན་ཐུབ་ཀྱི་མེད་པ་དེ་གསལ་སྟོན་བྱས་ཡོད་ཅེས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་མཛད་ཁུར་གསུམ་ཡོད་པའི་ནང་ནས་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་བཅས་མཛད་ཁུར་གཉིས་ཀྱི་ཐོག་བཀའ་སློབ་སྩལ་བ་དང་ཆབས་གཅིག་བཀའ་སྩལ་དོན། བོད་མི་ཚོ་སུད་སི་ནང་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག་འཁེལ་ཡོད་པར་བརྟེན། རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་བ་རྣམས་ལ་གང་ཐུབ་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་མ་ཟད། སུད་སི་གཞུང་མང་དང་སུད་སིའི་རྒྱ་གྲམ་དམར་པོ་ (Red Cross) བཅས་ཀྱིས་ཕྱི་ལོ་ ༡༩༦༠ ཙམ་ནས་བོད་མི་བཙན་བྱོལ་བ་རྣམས་སུད་སི་ནང་སྐྱབས་བཅོལ་དུ་བླངས་པ་དང་། མཐུན་འགྱུར་རོགས་རམ་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་ང་ཚོ་བོད་མི་ཚོས་ལས་འགན་ཆགས་ཡོད་ཅེས་བཀའ་སྩལ། དེ་བཞིན་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན། བོད་ནང་བོད་མིའི་འདུ་ཤེས་དེ་གསོན་པོར་གནས་ཡོད། བཙན་བྱོལ་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ཁྲོད་དུ་བོད་མིའི་འདུ་ཤེས་དེ་རྒྱུན་འཛིན་བྱེད་བཞིན་ཡོད། སུད་སིའི་ནང་ཡོད་པའི་བོད་མི་ཚོ་སུད་སི་མི་སེར་ཡག་པོ་ཞིག་ཆགས་ཡོད། འོན་ཀྱང་བོད་མིའི་འདུ་ཤེས་འཛིན་པའི་ཐོག་སུད་སིའི་དཔལ་འབྱོར་ལ་ཞབས་འདེགས་སྒྲུབ་བཞིན་ཡོད་ཅེས་བཀའ་སྩལ། དེ་རྗེས་སེམས་དང་སྲོག་གི་ཚོགས་དུས་གསུམ་པའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཚོས་དཔལ་འབྱོར་གྱི་དགོས་དམིགས་ཁོ་ནའི་ཆེད་དུ་བཙུགས་པའི་ (G7) (G20) ཟེར་བའི་ཚོགས་པ་དེ་ཚོ་བདེ་སྐྱིད་ཆེད་དུ་དམིགས་ནས་བཙུགས་པ་ཞིག་མིན། ང་ཚོས་ཡིད་ཆེས་དང་། གུས་བཀུར། མཛའ་བརྩེ་བཅས་ལ་གཞི་བཅོལ་བའི་ཕན་ཚུན་མཐུན་འབྲེལ་གང་མང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། རང་གི་བདེ་བ་དེ་གཞན་ལ་བརྟེན་ཡོད་བསམ་པའི་ཀུན་སློོང་ལ་གཞི་བཅོལ་ནས་ཕན་ཚུན་མཐུན་ལམ་བྱེད་དགོས། རང་གི་བདེ་དོན་དུ་མི་གཞན་དེ་རང་ལ་དགོས་ངེས་ཤིག་ཆགས་ཡོད། ང་ཚོ་བདེ་བ་འདོད་པར་བརྟེན་ཁོང་ཚོ་ང་ཚོར་དགོས་ངེས་ཤིག་ཆགས་ཡོད། དང་པོ་རང་གིས་གཞན་ལ་ཕན་པ་སྒྲུབ་དགོས་པ་ལས་གཞན་གྱི་རང་ལ་ཕན་པ་སྒྲུབ་རྒྱུར་སྒུུག་མི་རུང་། དེ་གལ་ཆེ་ཤོས་རེད་ཅེས་བཀའ་སྩལ།
ཚོགས་དུས་ལྔ་པའི་སྐབས་སྐུ་ཞབས་བྷིལ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ང་ཚོས་དབུ་ཁྲིད་མང་པོ་བསྐྲུན་ཐབས་ཇི་ཡོད་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱི་བསམ་པར་ནང་གི་རིན་ཐང་དེར་སྦྱོང་བརྡར་གྱིས་གོང་མཐོར་བཏང་བའི་ཐོག་ནས་ཡོང་དགོས། དེ་ཁྱེད་ཚོས་ཤེས་ཀྱི་ཡོད་ཀྱང་ངེས་པ་ཆ་ཚང་མ་རྙེད་པ་དེ་འདྲ་ཡོང་སྲིད། ངོས་ཀྱི་བསམ་པར་གཙོ་ཆེ་ཤོས་ཤེས་ཡོན་གོང་མཐོར་བཏང་ན་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད། ཧིཊ་ལར་ (Hitler) ཡིན་ནའང་སྐྱེས་དུས་ནས་གདུག་རྩབ་ཅན་ཞིག་མིན། རིམ་པས་འཚར་ལོངས་དང་ཁོར་ཡུག་གི་ཤུགས་རྐྱེན་འོག་དེ་འདྲ་ཆགས་པ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་མ་ཟད། ངོས་རང་རྒྱ་གར་ནང་སྡོད་སྐབས་མང་གཙོ་དང་། རང་དབང་བཅས་ཀྱི་བསམ་བློ་དང་རིག་པ་མང་པོ་ཞིག་ཡར་རྒྱས་ཕྱིན་པར་བརྟེན་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ངོས་འཛིན་དེ་ལྟར་བྱས་པ་དེས་ངོས་ཀྱི་འགོ་དཔོན་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དུས་རྟག་ཏུ་བསུན་པོ་ཆགས་ཀྱི་ཡོད།
རྣམ་དཔྱོད་གཅིག་པུས་འདང་གི་མེད། ང་ཚོར་བྱམས་བརྩེའི་བསམ་པ་དགོས། ཤེས་ཡོན་གྱིས་ཕོ་མོ་འདྲ་མཉམ་ཡོང་རྒྱུར་ཕན་ཐོགས་ཡོད། བུད་མེད་ཚོས་འགོ་ཁྲིད་ཀྱི་འགན་མང་ཙམ་འཁྱེར་ཐུབ་དགོས་ཅེས་བཀའ་སྩལ། སྐབས་དེར་སྐུ་ཞབས་ཨ་ཡེན་སིས་ (Ernst) ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། ང་ཚོར་ཆོས་ལུགས་འདྲ་མིན་དེ་འདྲ་དགོས་ངེས་ཆགས་ཡོད།ཆོས་ལུགས་སོ་སོའི་ལྟ་ཕྱོགས་མི་གཅིག་ནའང་གྲུབ་འབྲས་གཅིག་པ་ཆགས་ཡོད། ང་ཚོས་དཔལ་འབྱོར་ལམ་ལུགས་ནང་འཕྲད་བཞིན་པའི་དཀའ་ངལ་གྱི་གཞི་རྩ་དེ་མེད་པ་བཟོ་དགོས། དེར་བརྟེན་ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོོད་དེ་ངོས་འཛིན་ཐུབ་དགོས། ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་ཆོས་དང་འབྲེལ་བའི་ཉམས་ལེན་བཅས་ཡོད། ནང་ཆོས་དང་འབྲེལ་བའི་ཉམས་ལེན་དེ་ཕར་བཞག་སྟེ་ནང་པའི་ཚན་རིག་དེར་ལྟ་དགོས། ནང་ཆོས་ཀྱིས་སྤྱི་ཚོགས་ཚན་རིག་ནང་དགོས་ངེས་ཀྱི་བྱམས་བརྩེ་དེ་བསྐྲུན་ཐུབ། རང་གི་བདེ་བ་དེ་གཞན་ལ་བརྟེན་ཡོད། དེར་བརྟེན་ཚང་མ་ཕན་ཚུན་ལྟོས་གྲུབ་ཡིན། ནང་པའི་ཚན་རིག་ནས་སེམས་ཚོར་དང་འབྲེལ་བའི་གནས་ཚུལ་མང་པོ་ཤེས་ཐུབ། འོན་ཀྱང་ང་ཚོས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས་པ་ལས་ཆོས་ལུགས་སྒྱུར་ཐབས་བྱེད་མི་རུང་ཞེས་བཀའ་སྩལ། མཐའ་དོན་མགོན་པོ་གང་ཉིད་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཛད་པ་དང་སྦྲགས་སེམས་དང་སྲོག་གི་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཚོགས་ཐེངས་ཉི་ཤུ་པ་དེ་བཀྲ་ཤིས་པའི་ངང་མཇུག་བསྡོམས་ལེགས་པར་གྲུབ་ཡོད།།