༢༠༡༠ ཕྱི་ཟླ་ ༤ ཚེས་ ༩ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སུད་སིའི་ནང་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་གླིང་དགོན་པ་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༨ ཉིན་རི་ཀོན་ཆོས་འཁོར་གླིང་དགོན་པའི་འདུ་ཁང་ནང་སུད་སིའིེ་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་པ་སི་ཁལ་བྷ་ར་ཌ་རར་ཝེས་མཆོག་ (Pascale Bruderer Wyss) དང་ཛུ་རིཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན། ཝེ་དུ་ཏུ་གྲོང་ཁྱེར་གྱི་སྤྱི་ཁྱབ། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཡུ་རོབ་ཀྱི་སྤྱི་འཐུས་སྨོན་འཁར་བསོད་ནམས་ཕུན་ཚོགས་ལགས། སུད་སི་བོད་རིགས་ཚོགས་གཙོ་སོགས་དང་། དེ་བཞིན་རི་ཀོན་ཆོས་འཁོར་གླིང་དགོན་པའི་འཛིན་སྐྱོང་ཚོགས་པའི་འགོ་ཁྲིད་དང་སྦྱིན་བདག་རྣམས་བཞུགས་གྲལ་དུ་འཁོད་མཚམས། རི་ཀོན་ཆོས་འཁོར་གླིང་དགོན་པའི་མཁན་བླ་དགེ་འདུན་རྣམས་དང་སུད་སིའི་བོད་རིགས་ཟློས་གར་ཚོགས་པ་སོགས་ཐུན་མོང་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རི་ཀོན་ཆོས་འཁོར་གླིང་དགོན་པའི་འདུ་ཁང་ནང་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་གྲུབ་མཚམས་རི་ཀོན་ཆོས་འཁོར་གླིང་དགོན་པའི་མཁན་པོ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་དགོན་པའི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་རི་ཀོན་དགོན་པར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། ལྷག་པར་དུ་འདས་པའི་དུས་ཡུན་དེའི་རིང་ལ་ཁྱེད་རང་ཚོ་འདིར་སུད་སིའི་ཁུལ་གྱི་ལས་དོན་མང་པོ་ཞིག་དང་། རྒྱ་གར་ནང་ལ་རབ་བྱུང་ཕོ་མོའི་དགོན་ཁག་དེ་ཚོར་ཚན་རིག་གི་སློབ་སྦྱོང་སྤྲོད་རྒྱུ་འདི་འདྲ་གོང་དུ་ལས་བསྡོམས་ནང་ལ་བཤད་ཡོད་པ་དེ་དག་དངོས་གནས་ངོ་མཚར་སྐྱེ་རྒྱུ་དང་ཡག་པོ་བྱུང་འདུག་པས་ཧ་ཅང་དགའ་པོ་བྱུང་། ཞེས་བཀའ་སློབ་ཕེབས་པ་མ་ཟད། ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཡུལ་འདི་གར་སྐྱེས་ནས་འཚར་ལོངས་བྱུང་བ་ཁྱེད་རང་ཚོར་ངོས་ཀྱིས་རྒྱུན་དུ་ཤོད་ཀྱི་ཡོད།ང་ཚོ་བོད་པ་ཚོས་སྐྲ་ཚོས་བརྒྱབ་ནས་ཚོས་གཞི་བསྒྱུར་བ་གཏོང་ཐུབ་ཀྱི་རེད། གལ་ཏེ་འདོད་པ་བྱུང་ཚེ་སྣ་ཁུག་ཆེ་རུ་གཏོང་ཐུབ་ཀྱི་རེད། འོན་ཀྱང་བོད་པ་ཞེས་པའི་མིང་འདི་མ་ཤི་བར་དུ་གནས་ཀྱི་རེད་མ་གཏོགས་དེར་འགྱུར་བ་འགྲོ་རྒྱུ་མེད། དེར་བརྟེན་བོད་པ་ཡིན་ཞེས་བརྗོད་ནས་བོད་སྐད་མ་ཤེས་པ་དང་། བོད་པ་ཡིན་ཞེས་བརྗོད་དེ་བོད་ཀྱི་རིག་གཞུང་མ་ཤེས་ན་ངོ་ཚ་དགོས་པ་རེད། ཡུལ་གང་དུ་བསྡད་ཡོད་ཀྱང་གང་ལྟར་བོད་ཀྱི་སྐད་ཡིག་དང་བོད་ཀྱི་དངོས་གནས་ང་ཚོ་སྤོབས་པ་བྱ་རྒྱུའི་བོད་པའི་ནང་ཆོས་དང་འདྲེས་པའི་རིག་གཞུང་འདི་ཡིན་གཅིག་མིན་གཅིག་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན། དཔེར་ན། ང་ཚོ་བཙན་བྱོལ་བ་ཆགས་ཏེ་འདས་པའི་ལོ་དེ་དག་གི་རིང་ལ་གཙོ་བོ་དགེ་འདུན་པ་རེད། སློབ་གཉེར་ཡོད་པ་དེ་དག་འཛམ་གླིང་ས་ཕྱོགས་གང་སར་སླེབས་ཐུབ་ཀྱི་འདུག དེང་དུས་ཀྱི་ཤེས་ཡོན་མེད་པ་རེད།
འོན་ཀྱང་བོད་རང་ཉིད་ལ་ཡོད་པའི་སངས་རྒྱས་ཀྱི་ལྟ་གྲུབ་དང་སངས་རྒྱས་ཀྱི་ཆོས་དང་འདྲེས་པའི་རིག་གནས་ཡོད་པ་དེ་དག་ལ་མཐོང་སླེབས་ཀྱི་འདུག དེ་ལ་རིན་ཐང་ཞིག་འདུག ང་ཚོ་འདི་ཕྱོགས་ལ་ཡོད་པའི་བོད་པར་ཆ་མཚོན་ན། དེང་དུས་ཀྱི་ཤེས་ཡོན་རྩེ་ཕུད་བྱུང་བ་ཞིག་ཡིན་ནའང་། དེ་འདྲ་འཛམ་གླིང་འདིའི་སྟེང་ཁེངས་ཡོད་པ་རེད།ང་ཚོ་བོད་པའི་ཆོས་དང་རིག་གཞུང་དེ་དག་ཡག་པོ་ཤེས་མཁན་ཞིག་བྱུང་ན། འཛམ་གླིང་འདིའི་སྟེང་ལ་དོ་སྣང་ཟུར་དུ་བྱ་རྒྱུ་ཞིག་ཆགས་ཀྱི་རེད། དེར་བརྟེན་སོ་སོ་སྒེར་གྱི་ངོས་ནས་བཤད་པ་ཡིནའང་། བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཤེས་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་ལྟར་བྱུང་ན། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་ཡོད་པའི་ཐོག་སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་དག་ཀྱང་སྙིང་པོ་ཞིག་ཤེས་པ་བྱུང་ན། ཏན་ཏན་ཕན་ཐོགས་ཡོད། སོ་སོ་སྒེར་གྱི་མི་ཚེ་སྐྱེལ་རྒྱུར་ཆ་བཞག་ནའང་། དངོས་པོ་ཡར་རྒྱས་གཅིག་པུར་ཆ་བཞག་ན། ཡང་ན་མིག་གི་ལྟད་མོ་ལྟ་རྒྱུ་དང་ཡང་ན་ཨ་ལྕོག་གི་རོལ་མོ་ཉན་རྒྱུ་ཞིག་མ་བྱུང་ན། ཉིན་མ་མ་འཁྱོལ་བ་སྡོད་ཀྱི་འདུག བསམ་བློའི་ནང་ཆོས་ཕྱོགས་ཀྱི་བསམ་བློའི་སློབ་སྦྱོང་ཏོག་ཙམ་ཡོད་པ་དང་བསམ་བློ་གཏོང་སྟངས་ཏོག་ཙམ་ཤེས་པ་ཡིན་ན། མིག་གི་ལྟད་མོ་ལྟ་རྒྱུ་དང་ཨ་ལྕོག་གི་རོལ་མོ་ཉན་རྒྱུ་མེད་ཀྱང་ཉིན་མ་མ་འཁྱོལ་བའི་དཀའ་ངལ་རྩ་བ་ནས་མེད། ཅེས་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་བཞིན་བོད་མི་རིགས་ལ་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གཞུང་དེ་དག་མི་རིགས་རང་ཉིད་ཀྱིས་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དེའི་ཐད་ཚང་མས་རིག་པ་སྒྲིམ་དགོས་སྐོར་གྱི་བཀའ་སློབ་ཀྱང་ཕེབས་ཡོད།།