༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སུད་སིར་རྟེན་གཞིས་བྱས་པའི་བོད་ཀྱི་གཞོན་ནུའི་གྲོས་ཚོགས་དབུ་བརྙེས་ནས་མི་ལོ་ ༤༠ འཁོར་བའི་དུས་དྲན་ཆེད་དམིགས་བསལ་མཛད་སྒོ་ཞིག་ཛུ་རིཀ་ཆེས་མཐོའི་སློབ་གཉེར་ཁང་ (Zurich University) གི་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད་པའི་ཚོགས་མགོན་དུ་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད།
དེ་ཡང་ཐོག་མར་གཞོན་ནུའི་ཚོགས་གཙོ་བསྟན་སྒྲོན་ལགས་ནས་ཕེབས་བསུའི་གསུང་བཤད་དང་། ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་ཚོས་ཛ་དྲག་གི་དུས་སྐབས་འདིར་འགན་ཆེན་པོ་འཁྱེར་དགོས་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༢ ལོར་ཁོང་བོད་དུ་ཐོག་མར་བསྐྱོད་སྐབས་བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ན་གཞོན་ཚོར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་དངོས་སུ་མྱོང་ཚོར་བྱུང་བའི་ལོ་རྒྱུས་ཤིག་སྙན་སྒྲོན་ཞུས་ཡོད།དེ་བཞིན་ཁོང་ཚོས་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དང་། ཆབ་སྲིད་ཀྱི་ཐོག་ལས་འགུལ་མང་དག་ཅིག་སྤེལ་གྱི་ཡོད་པ་སོགས་སྙན་སྒྲོན་ཞུས་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་དེར་ཕེབས་མཁན་ཚོར་ཐུགས་བརྩེ་བ་ཆེན་པོས་དམིགས་བསལ་འཚམས་འདྲི་དང་བཀྲིས་བདེ་ལེགས་མཛད་པ་དང་སྦྲགས་བཀའ་སྩལ་དོན།
ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་པ་ཚོ་དང་། ལྷག་པར་དུ་གཞོན་སྐྱེས་ཚོར་ལས་འགན་ཆེན་པོ་ཞིག་འཁྲིས་ཡོད། བོད་པའི་མི་ཐོག་རྙིང་པ་རྣམས་རིམ་པས་རྫོགས་འགྲོ་གི་ཡོད་པ་དང་མི་ཐོག་གསར་པ་ཚོས་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་རབས་ནས་མི་རབས་རྒྱུན་མཐུད་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས་བཀའ་སྩལ་ཡོད།གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་བོད་ནང་གི་གཞོན་སྐྱེས་ཚོ་རྒྱ་ནག་གཞུང་གིས་གདུག་རྩབ་མྱངས་དང་མྱོང་བཞིན་ཡོད་ཅེས་བཀའ་སློབ་སྩལ་བ་དང་འབྲེལ། ཉེ་ཆར་བོད་རྒྱ་ཞི་མོལ་སྐོར་བཀའ་ཕེབས་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་ལ་གཞོན་སྐྱེས་ཚོས་དྲི་བ་ཕུལ་བར་བཀའ་ལན་ཡང་མཛད་ཡོད། དེ་བཞིན་ཡུ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་དེ་སུུད་སི་གྲོང་ཁྱེར་ཛུ་རིཀ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཞིག་ཏུ་དབུ་འཛུགས་གནང་ཡོད་པ་དང་། དེའི་ནང་དུ་རྒྱལ་ཁབ་འདྲ་མིན་བཅུ་གཅིག་ཙམ་ནས་བོད་མི་གཞོན་སྐྱེས་ ༡༦༠ ཙམ་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།