༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༡ ཉིན་སུད་སིའི་གྲོང་ཁྱེར་ཛུཀ་རིའི་ཉེ་འདབས་སུ་ཧ་ལ་ཤ་ཊར་ཏི་ཞེས་པའི་ཚོགས་ཁང་ནང་བོད་རིགས་གྲངས་ ༣༠༠༠ བརྒལ་བ་ལྷན་འཛོམས་ཀྱི་དབུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ དོན་རྐྱེན་གྱི་འབྱུང་རྩ་ངོ་སྤྲོད་དང་སྦྲགས་བཀའ་སློབ་སྩལ་དོན།
ང་ཚོ་ཐོག་མར་བཙན་བྱོལ་བ་ཆགས་སྟངས་དེ་གང་འདྲ་བྱས་ནས་ཆགས་སྐོར་བརྗོད་ན། བོད་པ་ནང་འཁྲུག་བརྒྱབ་ནས་བཙན་བྱོལ་བ་ཆགས་པ་མ་རེད། འབྱུང་བའི་གནོད་པ་བྱུང་སྟེ་བཙན་བྱོལ་བ་ཆགས་པ་ཡང་མ་རེད། ང་ཚོའི་ལུང་པའི་ནང་ལ་དཔོན་པོ་གསར་པ་ཞིག་བསླེབས་ཏེ། དེས་དངོས་གནས་ཁ་ནས་བཅིངས་བཀྲོལ་ཞེས་བཤད་པ་ལྟར་ལག་ལེན་ངོ་མའི་ཐོག་ནས་བཅིངས་བཀྲོལ་མིང་དོན་མཚུངས་པ་ཞིག་དང་ཕན་ཐོགས་བྱས་ཏེ་བོད་པར་ཐུབ་ཚོད་དང་གནོད་པ་མ་བྱས་ན། དུས་ད་ཚོད་དངོས་གནས་གནས་ཚུལ་མི་འདྲ་ཞིག་ཆགས་སྡོད་ཀྱི་ཡོད། དེ་བྱུང་མེད་པ་རེད། དཔེར་ན། ངོས་སྒེར་ལ་ཆ་བཞག་ནའང་། ཕྱི་ལོ་ ༡༩༥༤ ལོར་པེ་ཅིང་དུ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ལ་བོད་ཀྱི་འཐུས་མིའི་གྲས་སུ་ཕྱིན་པ་ཡིན། རྒྱ་ནག་ནང་དངོས་གནས་འབྲེལ་བ་ཧ་ཅང་ཡག་པོ་བྱུང་བ་རེད། ལྷག་པར་མའོ་ཙེ་ཏུང་མཉམ་དུ་ངོས་འབྲེལ་བ་བྱེད་རྒྱུ་དེ་དག་ཧ་ཅང་ཡག་པོ་བྱུང་། དེ་དུས་ངོས་རང་ལོ་གཅིག་ཙམ་རིང་རྒྱ་ནག་ནང་དང་དེ་བཞིན་བོད་ཀྱི་ས་ཁུལ་འདྲ་མིན་ཁ་ཤས་ལ་ཕྱིན་པ་ཡིན། དེ་འདྲ་བྱས་ཏེ་ངོས་རང་ཀོང་པོ་བརྒྱུད་ཡར་ལོག་ཡོང་སྐབས་རྒྱ་མིའི་དམག་དཔོན་དམག་སྡེ་ཨང་བཅོ་བརྒྱད་པའི་དམག་སྤྱི་ཀྲང་གོ་ཧཱ་མར་ཡོང་གི་འདུག ངོས་གཉིས་ལམ་དེར་ཐུག་བྱུང་། ངོས་གཉིས་ཁྱུག་ཙམ་རིང་དེར་སྐད་ཆ་ཤོད་རྒྱུ་བྱུང་། ངོས་ཀྱིས་ཀྲང་གོ་ཧཱ་ལ། ན་ནིང་ངོས་རང་ལམ་འདིའི་སྟེང་ནས་མར་ཡོང་སྐབས། སེམས་ནང་དོགས་པ་རྣམ་རྟོག་ཡོད་པ་བྱས་ནས་ཡོང་བ་ཡིན། ད་ལོ་ལམ་འདིའི་སྟེང་ནས་ཡར་ལོག་ཡོང་སྐབས། སེམས་ནང་བློ་བདེ་པོ་བྱས་ནས་ངོས་རང་ཡར་ཡོང་གི་ཡོད།ཅེས་བརྗོད་རྒྱུ་བྱུང་། དེ་དུས་མའོ་ཙེ་ཏུང་གིས་ངོས་ལ་ཁས་ལེན་ཧ་ལས་པའི་ཡག་པོ་བྱས་བྱུང་། དཔེར་ན། ཉིན་གཅིག་རྒྱ་མིའི་དཔོན་རིགས་ཚོ་གཞོགས་ཤིག་ལ་བསྡད། ངོས་དང་པཌྷ་ཆེན་རིན་པོ་ཆེ། ངག་ཕོད། ཕུན་ཚོགས་དབང་རྒྱལ་བཅས་ང་ཚོ་གཞོགས་ཤིག་ལ་བསྡད། ཅོག་ཙེ་རིང་པོའི་དེའི་ཟུར་གཅིག་ལ་རྒྱ་མིའི་དམག་དཔོན་ཕང་མིན་དང་ཀྲང་ཅིང་ཝུ་ཡིན་པ་ཡོད། ཁོང་གཉིས་ལ་མའོ་ཙེ་ཏུང་གིས་མཛུབ་མོ་བཙུགས་ཏེ། དམག་དཔོན་འདི་གཉིས་བོད་ལ་གཏོང་རྒྱུ་དེ་༸རྒྱལ་བ་རིན་པོ་ཆེ་ལ་རོགས་པ་བྱེད་རྒྱུའི་ཆེད་དུ་བཏང་བ་ཡིན། གལ་ཏེ་དམག་དཔོན་འདི་གཉིས་ཀྱི་མཚོན་དམག་དཔོན་ཚོས་༸རྒྱལ་བ་རིན་པོ་ཆེའི་འདོད་པ་དང་མཐུན་པ་ཞིག་མ་བྱས་པར་མི་འདྲ་བ་ཞིག་བྱེད་ཀྱི་འདུག་ན། ང་ལ་ལན་གཏོང་ཤོག ངས་ལམ་སེང་འཐེན་གྱི་ཡིན་ཞེས་ཧ་ལས་པའི་ཁས་ལེན་བཟང་པོ་བྱས་ཡོད། ཅེས་བཀའ་སློབ་ཡོད། ཡང་༸གོང་ས་མཆོག་གིས་ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་ནག་གཞུང་གི་གཙོ་འཛིན་མའོ་ཙེ་ཏུང་གི་གཙོས་ཆེས་མཐོའི་འགོ་ཁྲིད་རྣམས་དང་མཇལ་འཕྲད་བྱས་པ་བརྒྱུད་ངོས་རང་ལ་ཧ་ཅང་སེམས་ཁུར་ཐེབས་ཏེ་ཕྱི་ལོ་ ༡༩༥༥ ལོར་རང་ཡུལ་གངས་ཅན་གྱི་ལྗོངས་སུ་ཕྱིར་ལོག་ཡོང་སྐབས་བློ་དོགས་ཡོངས་སུ་སེལ་ཏེ་བློ་བདེའི་ངང་བོད་ལ་ཕྱིར་ལོག་བྱས་པ་ཡིན།
འོན་ཀྱང་དོན་དངོས་ཐོག་དེ་འདྲ་བྱུང་བ་རེད་ཅེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཕྱི་ལོ་ ༡༩༥༦ ལོ་འགོ་ནས་ཁམས་ལི་ཐང་ནས་བཟུང་སྟེ་རྒྱ་མིས་བཅོས་བསྒྱུར་ཞེས། མིང་དེ་བཅོས་བསྒྱུར་ཞེས་ནས་ཡག་པོ་རེད། འོན་ཀྱང་ལག་ལེན་ངོ་མ་དེ་བོད་ཀྱི་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་མི་འཚམས་པའི་བཅོས་བསྒྱུར་ཞིག་བཙན་ཤེད་ཀྱིས་ཐོག་ནས་བཏང་སྟེ། དེ་འདྲའི་རྐྱེན་པས་དགོན་ཁག་དང་དཔོན་ཁག་ཚོ་རེད། མི་མང་ཚོ་བཅས་གང་ལྟར་མཐར་གཏུགས་ངོ་རྒོལ་རྒྱག་རྒྱུའི་གནས་ཚུལ་བྱུང་བ་རེད། དེ་འདྲ་བྱས་ཏེ་གནས་ཚུ་ཛ་དྲག་ཏུ་འགྲོ་སྐབས་ཕྱི་ལོ་ ༡༩༥༦ ལོར་ངོས་རྒྱ་གར་དུ་བསླེབས་པ་རེད། དེ་ནས་ཕྱི་ལོ་ ༡༩༥༧ ལོར་ངོས་ཀྱིས་མའོ་ཙེ་ཏུང་ལ་གནས་ཚུལ་ཡག་པོ་མི་འདུག་ཅེས་ཡི་གེ་ཐེངས་ཕལ་ཆེར་གསུམ་མིནའང་གཉིས་ཕུལ་བ་ཡིན། འོན་ཀྱང་ལན་མི་འདུག དེར་བརྟེན་གཞི་ནས་གང་འདྲ་ཡིན་ནམ་བསམ་པའི་ཐེ་ཚོམ་སྐྱེ་རྒྱུ་ལྟ་བུ་ཞིག་བྱུང་། གང་ལྟར་ཟང་ཟིང་བྱེད་རྒྱུ་དེ་ཁམས་ཁུལ་དང་དེ་ནས་མདོ་སྨད་ཁུལ། དེ་རྗེས་དབུས་གཙང་ཁུལ་བྱས་ཏེ་མཐའ་མ་ཕྱི་ལོ་ ༡༩༥༨། ༡༩༥༩ ནང་གནས་ཚུལ་དེ་བྱུང་བ་རེད། དེར་བརྟེན་བོད་ལ་ཕྱི་ལོ་ ༡༩༥༩ ལོའི་དོན་རྐྱེན་ཡོང་རྒྱུ་དེ་ནི་ཉིན་མ་གཅིག་ལ་གློ་བུར་དུ་བྱུང་བའི་གནས་ཚུལ་མ་རེད། མི་ཁ་ཤས་ཀྱི་དཀྲོག་བརྡ་བསླངས་ནས་བྱས་པ་ཡང་མ་རེད། གང་ལྟར་ལོ་ནས་ལོ་བསྟུད་དེ་ང་ཚོར་ཧ་ལས་པའི་དཀའ་ངལ་འཕྲད། མགོ་སྐོར་དང་གཡོ་སྒྱུ། ཐུབ་ཚོད་ཀྱིས་འོག་ནས་མཐའ་མ་འུ་ཐུག་ཐབས་ཟད་དེ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ དོན་རྐྱེན་དེ་བྱུང་བ་རེད། ཅེས་བཀའ་སློབ་ཕེབས་ཡོད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ དོན་རྐྱེན་བྱུང་བའི་རྗེས་སུའང་ཉིན་གྲངས་དྲུག་གི་རིང་སྐབས་དེའི་བོད་དམག་ཁུལ་ཁང་གི་དམག་དཔོན་ཐན་ཀོ་སན་ལ་ཡི་གེ་ཐེངས་གསུམ་ཕུལ་ཏེ་ལན་དགུ་ཆད་མཐུད་དང་མ་ལན་མ་འགྱོད་མེད་པ་བྱས་ཀྱང་རྒྱ་མིའི་ངོས་ནས་ཉིན་རེ་བཞིན་མཚོ་བོད་གཞུང་ལམ་བརྒྱུད་དངུལ་བཏང་སྟེ་བོད་མིའི་ཐོག་དྲག་གནོན་གྱིས་བོད་མི་རྣམས་རང་ཡུལ་རྒྱབ་ཏུ་བཞག་སྟེ། མི་ཡུལ་པང་དུ་ལེན་དགོས་པའི་རྐྱེན་རྩ་འདི་འདྲ་རེད། དེ་ཚོད་ཀྱིས་རིག་པ་སྒྲིམ་དགོས་ཞེས་བཀའ་སློབ་ཟབ་མོ་སྩལ་ཡོད།