༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བྷི་བྷི་སིའི་ (BBC) དྲྭ་རྒྱའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ལྷག་པའི་ཉིན་བོད་མདོ་ཁམས་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་ཁམས་སྐྱེ་རྒུ་མདོའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཤུགས་ཚད་ ༦་༩ བརྒྱབ་ཡོད་པ་ཨ་རིའི་ས་གཤིས་དཔྱད་རིག་པས་ (Geologist) བརྗོད་ཡོད་སྐོར་བཀོད་འདུག འོན་ཀྱང་རྒྱ་ནག་གཞུང་གི་ཤིན་ཧ་ (xinhua) དྲྭ་རྒྱའི་ནང་ས་ཡོམ་དེའི་ཤུགས་ཚད་ ༧་༡ ཡིན་པ་བརྗོད་འདུག ས་ཡོམ་རྒྱག་ས་བསྟི་གནས་གཙོ་བོ་དེ་ཨ་མདོ་གོར་མོའི་ (Golmud) ས་ཁུལ་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༣༧༥ ཙམ་ཡོད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་སྐྱེ་རྒུ་རྫོང་ཁུལ་དུ་ཡིན་འདུག རྒྱ་ནག་གཞུང་གི་ཤིན་ཧ་ (xinhua) དྲྭ་རྒྱའི་ནང་ས་ཡོམ་གྱི་གོད་ཆག་འོག་མི་གྲངས་ ༦༧ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། སྐྱེ་རྒུ་མདོའི་གྲོང་སྡེའི་ནང་གི་སྡོད་ཁང་བརྒྱ་ཆ་ ༨༥ ཙམ་འཐོར་ཞིག་ཕྱིན་ཡོད། ས་ཁུལ་དེར་ཡོད་པའི་ཡུལ་མི་ཕལ་མོ་ཆེ་ཞིང་འབྲོག་གི་འཚོ་བ་སྐྱེལ་བཞིན་ཡོད། ཕྱི་ལོ་ ༢༠༠༥ ལོར་མི་འབོར་ཞིབ་བཤེར་གྱི་སྙན་ཐོའི་ནང་ས་གནས་དེར་ཞིང་འབྲོག་གཙོ་བོར་གྱུར་པའི་མི་གྲངས་ ༨༩༣༠༠ ཙམ་ཡོད་སྐོར་ས་གནས་གཞུང་གི་དྲྭ་རྒྱའི་ནང་འཁོད་ཡོད་པ་བཅས།