༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༦ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཨིན་དྷར་གྷན་དྷི་རྒྱལ་ཡོངས་གཙུག་ལག་སློབ་ཁང་ནང་ (IGNOU) ཡེ་ཤུའི་ཨ་མ་དམ་པ་ཊེ་རེ་ས་མཆོག་གི་ལོ་འཁོར་རྗེས་དྲན་གྱི་དུས་ཆེན་ཐེངས་གསུམ་པ་དེ་ཚོགས་ཡོད། སྐབས་དེར་གཙུག་ལག་སློབ་ཁང་གི་ཉེ་བའི་རིག་བདག་སྐུ་ཞབས་རཇ་ཤེ་ཁ་རན་པིལ་ལའི་ (Rajasekharan Pillai) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙུག་ལག་སློབ་ཁང་གིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཤེས་ཡོན་བསྟི་གནས་ཤིག་གསར་འཛུགས་གནང་འཆར་ཡོད་སྐོར་སྙན་སེང་ཞུས་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དུ་ནང་ཆོས་དར་བ་དེ་རྒྱ་གར་གྱི་སྐུ་དྲིན་ཡིན་པ་དང་། ནང་ཆོས་འབྱུང་ས་རྒྱ་གར་རང་ཉིད་དུས་ཚོད་གཉན་ཕྲང་ནང་ཚུད་སྐབས་བོད་མི་ཚོས་རྒྱ་གར་གྱི་གནའ་རབས་ནང་པའི་གླེགས་བམ་རྩ་ཆེན་གཏིང་ཟབ་རྣམས་གཅེས་ཉར་བྱེད་རྒྱུར་ཕན་གྲོགས་བྱས་ཡོད་པས། བོད་མི་ཚོ་རྒྱ་གར་གྱི་དགེ་ཕྲུག་ཚད་ལྡན་ཞིག་ཡིན་སྐོར་བཀའ་སྩོལ་སྐབས་མང་ཚོགས་རྣམས་ནས་དགའ་བསུའི་ཐལ་མོ་དྲག་ཏུ་བརྡབས། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་རྒྱ་གར་གྱི་གནས་ཆེན་རི་ཤི་ཀེ་ཤིའི་ནང་༸ཞབས་སོར་འཁོད་སྐབས་རྒྱ་གར་བྷི་ཇེ་པའི་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཨེལ་ཀེ་ཨཌ་ཝ་ནི་ལགས་ཀྱིས་རྒྱ་གར་ནང་མང་གཙོའི་ལམ་ལུགས་དེ་ལམ་ལྷོང་ལྡན་པའི་ཐོག་ལག་བསྟར་ཐུབ་པ་དེ་གཙོ་བོ་རྒྱ་གར་ནང་ལོ་སྟོང་ཕྲག་རིང་ཆོས་ལུགས་འདྲ་མིན་ལ་གུས་བརྩི་ཞུ་རྒྱུ་མ་ཟད། ཆོས་ཁས་མ་ལེན་མཁན་རྒྱང་འཕེན་པ་ལྟ་བུ་ལའང་གུ་བརྩི་ཞུ་རྒྱུའི་གནའ་རབས་ཀྱི་སྲོོལ་བཟང་ཡོད་པ་དེ་ལས་བྱུང་བ་ཞིག་ཡིན་སྐོར་བརྗོད་ཡོད་པ་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མི་ཚང་མ་རང་གི་མ་ལས་སྐྱེས་པར་བརྟེན་བྱམས་བརྩེ་འི་ནུས་པ་ལྡན་ཡོད། བྱམས་བརྩེའི་ནུས་པ་དེས་འགྲོ་བ་མི་ཡོངས་ལ་ཕན་པ་སྒྲུབ་ཐུབ། མི་ཚང་མ་ཐོག་མར་མའི་བྱམས་སྐྱོང་འོག་འཚོ་བཞིན་ཡོད། མའི་བྱམས་སྐྱོང་ཇི་ཙམ་མང་བ་ཐོབ་པའི་གང་ཟག་དེས་མི་གཞན་ལ་བརྩེ་བ་དང་། བྱམས་བརྩེའི་རྣམ་པ་ཤུགས་ཆེ་བ་འདོན་ཐུབ། ཆོས་དང་ལེགས་བྱང་གི་ཆ་ནས་རྒྱ་གར་དེ་ཧ་ཅང་ཕྱུག་པོ་ཡིན་པ་དང་སྤྱི་ཚོགས་བརྟན་ལྷིང་ལྡན་པ་ཞིག་ཡིན་ཞེས་བཀའ་སྩལ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྲོང་གསེབ་ཀྱི་ས་ཁུལ་ཁག་ཡར་རྒྱས་གཏོང་ཐབས་དགོས་སྐོར་བཀའ་སྩལ་བ་དང་སྦྲགས་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སི་ཛུ་རིཀ་ནང་༸ཞབས་སོར་འཁོད་སྐབས་རྒྱ་གར་མངའ་སྡེ་ར་ཇེས་ཐན་ནང་གྲོང་གསེབ་ཁག་གཅིག་ལ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་མཁན་སྐུ་ཞབས་བྷུང་ཀར་རོའི་ལགས་དང་ཐུག་འཕྲད་བྱུང་སྐོར་བཀའ་སྩལ་ཡོད་པ་བཅས།