༢༠༡༠ ཕྱི་ཟླ་ ༤ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༣ ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་གནས་བོད་དོན་རྒྱབ་སྐྱོར་བ་ཉི་ཧོང་གཞོན་སྐྱེས་ཁག་གཅིག་དང་དེ་བཞིན་ཉི་ཧོང་ཤེས་ཡོན་མི་སྣའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་ཐོག་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སའི་ཤེན་གཙུག་ལག་སློབ་ཁང་ (Seishin University) ནང་མང་ཚོགས་ལ་མིའི་རིན་ཐང་གཞི་རྩར་བཞག་པའི་ཤེས་ཡོན་ཐོག་གསུང་བཤད་གནང་དོན། བོད་མིའི་ཡུལ་གོམས་གཤིས་ལུགས་དང་བོད་མི་ཚོའི་ཉིན་རེའི་འཚོ་བའི་ནང་ཆོས་ཀྱི་ཉམས་ལེན་དང་འབྲེལ་བའི་གོམས་གཤིས་འཇགས་ཡོད་པའི་རྣམ་པ་གསལ་པོ་ཡོད། ནང་ཆོས་ནས་གསུངས་པའི་གཞན་ལ་བྱམས་པ་དང་སེམས་བཟང་བྱེད་དགོས་པའི་བསླབ་བྱ་དེ་བོད་མིའི་ཤེས་ཡོན་གྱི་ལམ་ལུགས་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཆགས་ཡོད། ཤེས་ཡོན་གྱིས་ཕྲུ་གུར་བཟང་པོའི་ཡོན་ཏན་གྱི་རིན་ཐང་ཆ་ཚང་བ་ཞིག་རྒྱུད་ལ་འཇགས་པའི་ཐོག་ཕྲུ་གུ་དེ་མི་བཟང་པོ་ཞིག་བསྐྲུན་ཐུབ་པ་བྱེད་དགོས། རང་ལས་གཞན་གཅེས། ཞེས་པའི་གདམས་ངག་དེ་གཞིར་བཞག་ཐོག་བོད་པའི་ཤེས་ཡོན་གྱི་ལམ་ལུགས་གཏན་ལ་ཕབ་ཡོད། ང་ཚོས་ཕྲུ་གུ་ཚོར་ནང་ཆོས་ཀྱི་ལྟ་གྲུབ་དེ་དག་བཙན་བཀའ་བཏང་ནས་སློབ་ཁྲིད་མ་བྱས་པར་ལྟ་གྲུབ་དེ་དག་ལ་གཞི་བཅོལ་ནས་ཕྲུ་གུ་ཚོ་གཅེས་སྐྱོང་བྱེད་ཀྱི་ཡོད། དེར་བརྟེན་ཕྲུ་གུ་ཚོས་གཞན་ལ་སེམས་བཟང་པོ་བྱེད་རྒྱུ་དང་ཕན་པ་བསྒྲུབ་རྒྱུ་དེ་གལ་གནད་ཇི་ཙམ་ཡིན་མིན་ཤེས་རྟོགས་ཐུབ། ཕྲུ་གུ་ཚོས་རང་ཉིད་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་རང་གི་ནོར་བ་ཇི་བྱས་དེ་དག་རང་ཉིད་ལ་འགན་ཡོད་པའི་ཚོར་བ་ཞིག་བསྐྲུན་དགོས་པ་ལས་ནོར་འཁྲུལ་བྱས་པ་དེ་ཉེེས་ཅན་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་མི་རུང་ཞེས་བརྗོད་ཡོད། དེ་རྗེས་གཙུག་ལག་སློབ་དཔོན་ན་གཱ་ཊས་ཉེ་ལམ་ཉི་ཧོང་ནང་དཔྱད་ཞིབ་བྱེད་སྐབས་སློབ་གྲྭ་ཆེ་བའི་སློབ་མ་བརྒྱ་ཆ་ ༥༠ ཙམ་གྱིས་རང་ཉིད་ལ་གདེང་སྤོབས་མེད་པ་དང་སྤྱི་ཚོགས་ནས་ཟུར་ཕུད་ཀྱི་ཚོར་སྣང་ཡོད་པའི་དཀའ་ངལ་གྱི་གནས་སྟངས་དེ་སེལ་ཐབས་ཇི་འདྲ་ཡིན་སྐོར་དྲི་བ་བཏོན་པར་བཀའ་ཟུར་མཆོག་གིས་ལན་འདེབས་གནང་དོན། ཕྲུ་གུ་ཚོར་འགན་ཁུར་ཡོད་པའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་བསམ་པའི་ཚོར་བ་བསྐྲུན་དགོས།
ཕྲུ་གུ་མི་རེ་ངོ་རེར་སྐད་ཆ་བཤད་ནས་གོ་བརྡ་སྤྲོད་དགོས་ཅེས་གསུངས། སློབ་གྲྭའི་དགེ་རྒན་དང་ལས་བྱེད་རྣམས་ནས་ཕྲུ་གུ་ཚོར་བྱམས་སྐྱོང་བྱས་པ་ཡིན་ན་ཕྲུ་གུ་ཚོའི་འཚར་ལོངས་ཡག་པོ་ཡོང་རྒྱུར་ཁྱད་པར་ཆེན་པོ་ཡོད་ཅེས་གསུངས། སྐབས་དེར་མཐོ་སློབ་ཀྱི་སློབ་མ་དང་ཤེས་ཡོན་སློབ་སྟོན་པ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་འདུ་འཛོམས་བྱུང་ཡོད། ཚེས་ ༤ ཉིན་བཀའ་བློན་བསྟན་པ་ཚེ་རིང་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་རྒྱ་རིགས་ཤེས་ཡོན་ཅན་གྱི་མི་སྣ་ཁག་གཅིག་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གཞུང་འབྲེལ་མིན་པའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་འདུག་པ་བཅས།