༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེ་ ༡༧ ཉིན་དེང་སྐབས་རྒྱ་གར་ཤར་ཕྱོགས་འབུམ་སྡེ་ལ་ཁུལ་དུ་ཆོས་འབྲེལ་གནང་བཞིན་ཡོད་པ་ལྟར་གསུང་ཆོས་ཀྱི་སྐབས་དང་བསྟུན་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་དང་སེམས་གསོའི་འཚམས་འདྲི་གནང་དོན། བོད་གངས་ལྗོངས་སྒ་སྐྱ་རྒུ་མདོར་གནས་ཚུལ་སྐྱོ་པོ་ཞིག་གོ་ཐོས་བྱུང་བར་ཚད་མེད་པའི་བློ་ཕམ་དང་། དེ་བཞིན་སེམས་ནད་ཆེན་པོ་བྱུང་། དེ་འདྲ་ཡིན་དུས་དེ་གར་ཡོད་པའི་ཤུལ་ལུས་སེར་སྐྱ་ཚང་མར་སྙིང་ནས་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་དང་། ད་ལྟ་ངོས་རང་འབུམ་སྡེ་ལ་དང་རྟ་དབང་ཁུལ་དུ་མི་མང་ཚོའི་དད་པ་ལྟར་ཆོས་འབྲེལ་བྱེད་རྒྱུ་དང་ཆོས་ཕྱོགས་ཀྱི་ལས་རིམ་ཁག་བྱེད་རྒྱུའི་ཆེད་དུ་འགྲོ་བཞིན་པ་ཡིན། ད་རེས་གནས་ཚུལ་དེ་གོ་མ་ཐག་ང་རང་ཚོའི་ས་ངོར་གྱི་གདན་ས་གཉིས་ཀྱི་གཙོས་ས་གནས་དགོན་སྡེ་ཁག་དང་བཤད་གྲྭ་ཚང་མས་ཐུགས་སྨོན་གནང་རྒྱུ་དང་། ལྷག་པར་དུ་སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་གཤིན་པོ་ཚོའི་ཆེད་དུ་གསུང་ཆོག་དང་ཐུགས་སྨོན་གནང་རོགས། ཞེས་འབོད་སྐུལ་བྱས་ཡོད། ངོས་རང་ཡང་འདི་ཁུལ་གྱི་མི་མང་ཚོར་ཆོས་འབྲེལ་བྱེད་བཞིན་པ་ཡིན་དུས་ཆོས་འབྲེལ་བྱེད་ས་གང་ཡོད་སར་སེར་སྐྱ་མི་མང་ཚང་མ་དང་མཉམ་དུ་མ་ཌྷིའི་འདོན་རྒྱུ་སོགས་བྱེད་སྐབས་སྨོན་ལམ་རྒྱག་གི་ཡོད། མ་ཟད་རྒྱུན་དུ་ནས་གནས་ཚུལ་དེ་རིགས་ཐོན་མ་ཐག་གཙོ་ཆེ་ཤོས་གཤིན་པོ་ཚོས་ངན་འགྲོའི་སྡུག་བསྔལ་མི་མྱོང་བ་དང་བར་དོའི་འཇིགས་སྐྲག་ལས་གྲོལ་ཏེ་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་ཐོབ་པའི་བསྔོ་བ་སྨོན་ལམ་དང་། ད་དུང་རྨས་སྐྱོན་བྱུང་སྟེ་གཟུགས་པོ་ནད་ཀྱི་མནར་ཏེ་ཡོད་མཁན་དང་། སེམས་ལའང་དངངས་སྐྲག་ཆེན་པོ་ཡོད་པ་དེ་ཚོར་ཡང་རིང་པོར་མི་ཐོག་པར་གཟུགས་པོ་བདེ་ཐང་ཡོང་རྒྱུ་དང་སེམས་ངལ་མ་ལུས་པ་ཞི་ནས་ཚེ་ལྷག་དོན་ལྡན་ཡོང་བར་མཆོག་གསུམ་རྒྱལ་བ་རམ་འབྱམས་ཀྱི་ཆོས་བརྒྱུད་ཀུན་ནས་སྨོན་ལམ་དང་། དེ་བཞིན་ཆོས་སྐྱོང་ཚོར་འཕྲིན་བཅོལ་གང་སར་བྱེད་ཀྱི་ཡོད་། དེར་ཡོད་མཁན་ཚང་མར་གནས་ཚུལ་ཛ་དྲག་པོ་དང་ཐབས་སྐྱོ་པོ་བྱུང་ཡོད་ཀྱང་སེམས་ངལ་བྱས་པས་གཤིན་པོ་ཚོ་དང་སོ་སོ་རེད་སུ་ལ་ཡང་ཕན་རྒྱུ་མེད། མི་བསླུ་བ་དཀོན་མཆོག་ཡིན་པས་དུས་བབ་འདི་འདྲ་ཞིག་གི་སྐབས་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཐུགས་རྗེའི་བྱིན་རླབས་ལ་རེ་བ་བྱས་ཏེ་ཐུགས་ཀྱིས་སྐུལ་རྒྱུ་དང་། གསོལ་བ་སྨོན་ལམ་འདེབས་རྒྱུ་དེ་དག་གང་གཟབ་གཟབ་བྱས་ན་ལེགས། དེ་མིན་སེམས་ངལ་བྱས་ན་ཤི་གསོན་ཚང་མར་གནོད་རྒྱུ་མ་གཏོགས་ཕན་རྒྱུ་མེད། དེར་བརྟེན་སེམས་ཁྲལ་མེད་པའི་ཐོག་ནས་གང་ཐུབ་ཀྱི་དགེ་སྦྱོར་བྱེད་ཐུབ་པ་ཡིན་ན། ཤི་གསོན་ཚང་མར་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་པའི་ཐུགས་སྨོན་དང་སེམས་གསོའི་འཚམས་འདྲི་གནང་ཡོད།