༢༠༡༠ ཕྱི་ཟླ་ ༤ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིའི་གྲོང་ཁྱེར་རྫུཀ་རི་ཧ་ལན་ཊ་ཀ་ཊེན་ཞེས་པའི་ཚོགས་ཁང་ཆེན་པོའི་ནང་སུད་སིར་གནས་སྡོད་གནང་མཁན་གཙོ་བོར་གྱུར་པའི་བོད་རིགས་མི་གྲངས་ ༣༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྕལ་དོན། སུད་སིར་ངོས་ཐེངས་མང་པོ་བསླེབས་ཡོད། དེ་རིང་འདིར་མི་མང་འདུ་འཛོམས་ཆེ་ཤོས་ཤིག་ཆགས་ཡོད་པ་ལྟ་བུ་འདུག གང་ལྟར་མི་ཚེ་མང་ཆེ་བ་དེ་སུད་སིའི་ནང་བསྐྱལ་ནས་སྡོད་མཁན་ཚོ་ཡང་བོད་པ་གཙང་མ་བྱས་ཏེ་བསྡད་ཡོད། དེ་ཡང་བོད་པའི་རིགས་ཞེན་དང་ལ་རྒྱ། ཞེན་ཁོག ལྷག་བསམ། སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ལྷག་པར་དུ་གཞོན་སྐྱེས་རིགས་འགའ་ཤས་ཆུང་དུས་ནས་སུད་སིར་འབྱོར་བ་དང་། རིགས་འགའ་ཤས་ས་ཆ་འདི་གར་གསར་དུ་སྐྱེས་པ་སོགས་ཀྱི་གཞོན་ནུ་ཕོ་མོ་ཚོར་ཆ་བཞག་ན། སྐད་བདེ་པོ་གཅིག་ཡོད་ཀྱང་མེད་ཀྱང་། གང་ལྟར་བོད་པའི་སེམས་ཤུགས་དང་ལ་རྒྱ་ཞེན་ཁོག་བྱེད་རྒྱུ་དེ་དག་ཞེ་དྲག་ཡག་པོ་རེད་འདུག ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་གཞོན་སྐྱེས། དཔེར་ན། དེ་རིང་འདི་གར་ཁྱེད་རང་འགོ་ཁྲིད་གཉིས་ལ་ཆ་བཞག་ནའང་གཞོན་ནུ་རེད་འདུག བོད་ཡིག་ཀློག་བཟང་མདོག་ཁ་པོ་ཞིག་མི་འདུག་ཀྱང་། གང་ལྟར་ག་རེ་གལ་ཆེན་པོ་རེད་ཅེས་ན་ལྷག་བསམ་རེད། སྐད་ཆ་ཤོད་སྐབས་འཛེམས་ཟོན་མེད་པར་ཤོད་ཀྱི་འདུག དེ་ཧ་ཅང་གི་ཡག་པོ་རེད། ང་ཚོ་བོད་སྤྱི་པའི་དོན་ལ་ད་ལྟའི་དུས་ཚོད་འདི་མཁས་པོ་སྙན་པོ་བྱས་ཏེ་མི་ཚེ་སྐྱེལ་རྒྱུ་ཞིག་མ་རེད། དངོས་གནས་ལྷག་བསམ་རྣམ་དག་གིས་ཐོག་ནས་ཁ་ཐུག་ཁ་ཐུག་ལ་སྐྱོན་བརྗོད་བྱེད་དགོས་ཀྱི་ཡོད་ན། སྐྱོན་བརྗོད་བྱས། འཛེམས་ཟོན་མེད་པ་བྱས། ཡིན་ནའང་སོ་སོས་ཕྱོགས་ལྷུང་གི་ཐོག་ནས་སྐྱོན་བརྗོད་བྱེད་རྒྱུ་དེ་དགོས་པ་གང་ཡང་མེད། སྐབས་རེ་དེ་འདྲ་ཡོང་གྲབས་བྱེད་ཀྱི་འདུག ལུང་པ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་སྒེར་གྱི་དགའ་མིན་དགའ་མདོག་དེ་འདྲའི་ཐོག་ནས་ཏོག་ཙམ་དཔེར་ན། མིང་དེ་སྤྱི་པའི་མིང་འཁྱེར་དོན་དག་ན་ཚ་གཏོང་ས་དེ་སྒེར་པའི་ན་ཚའི་ཐོག་ནས་ཡོང་གི་ཡོད་པ་ཁ་ཤས་མེད་དམ་བསམ་པའི་དོགས་པ་བྱེད་དགོས་པ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་ཏེ་མི་དགོས་པ་ཞིག་རེད། དེ་མིན་ལྷག་བསམ་རྣམ་དག་གིས་ཐོག་ནས་རྒྱབ་མདུན་ངོ་ལྐོག་མེད་པ་བྱས་ཏེ་ཐད་ཀར་ཁ་ཐུག་ལ་གང་དགའ་ཅི་ལེགས་ཀྱིས་ལེགས་སྤེལ་ཉེས་འགོག་ག་རེ་བྱེད་དགོས་ཀྱི་ཡོད་ནའང་དེ་དག་གོ་བསྡུར་སངས་པོ་བྱས་ཏེ་ཤོད་རྒྱུ་དེ་དཔེ་གལ་ཆེན་པོ་རེད། ད་ལྟ་ཁྱེད་རང་གཉིས་ཀྱིས་སྐད་ཆ་ཤོད་རྒྱུ་དེ་ཞེ་དྲག་ཡག་པོ་འདུག་གསལ་པོ་ཞེ་དྲག་རེད་ཁ་ཐུག་ལབ་པ་ཡག་པོ་འདུག ཐུགས་རྗེ་ཆེ་ཟེར་གྱི་ཡིན་ཞེས་བཀའ་སློབ་སྩལ་ཡོད།བོད་མི་རིགས་ཀྱི་ལ་རྒྱ་བཟུང་སྟེ་རྒན་པའི་མཇུག་གཞོན་པས་མཐུད་ནས་སྤྱི་དོན་ཐོག་འགན་འཁུར་མཉམ་ལེན་གྱི་བྱ་སྤུ་གནོན་གྱི་སྒྲིག་འཛུགས་རིམ་པའི་བཀོད་སྒྲིག་འོག་གུས་པར་འོས་འགན་སྒྲུབ་པའི་སྣང་ཚུལ་གཟིགས་དུས་ཞེ་དྲག་མཉེས་པོ་བྱུང་། དེ་ཐམས་ཅད་གང་ནས་བྱུང་བའི་གཞི་རྩ་མི་རབས་རྒན་པ་ཚོས་འབད་བརྩོན་གནང་བའི་འབྲས་བུ་རེད། ཐུགས་རྗེ་བཀའ་དྲིན་ཆེ། ད་དུང་མུ་མཐུད་འབད་བརྩོན་དགོས་ཅེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། ང་ཚོ་འདིར་བཙན་བྱོལ་བ་ཆགས་ནས་སོ་སོ་འཕྲལ་སེལ་གྱི་སུད་སི་ནང་ལ་ཁྱེད་རང་ཚོ་དེ་དག་ས་ཆ་རྒྱུས་ཡོད་དང་། མི་ཡང་ངོ་ཤེས་ཆགས། འགྲོ་སྟངས་དེ་དག་ཤེས། ལས་ཀ་གང་ལ་གང་འཚམས་ཤིག་རགས་སྐབས་སེམས་འཕྲལ་བྱེད་དགོས་རྒྱུ་མེད་པའི་བཟོ་འདྲ་ཡོད་ཀྱང་། ང་ཚོའི་གཞི་རྩའི་གནས་སྟངས་ག་རེ་ཡིན་པ་དེ་ནམ་ཡང་བརྗེད་ཐབས་མེད་པ་རེད་ཤེས་སོང་ངམ། བོད་རྒྱ་ཆེའི་གཞིས་ལུས་མི་མང་དེ་དག་དངངས་སྐྲག་འོག་མིག་ཆུ་མ་བྲལ་བར་བསྡད་ཡོད་པའི་གནས་ཚུལ་དེ་དག་ང་ཚོས་རྩ་བ་ནས་བརྗེད་རྒྱུ་མེད།
བོད་རྒྱ་ཆེའི་མི་མང་དེ་དག་གིས་ང་ཚོ་བློས་བཏང་སྟེ་བསྡད་ཡོད་ན་གནས་ཚུལ་ཁག་ཁག་ཡིན། འོན་ཀྱང་དེ་མ་རེད། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཨ་རིའི་བོད་སྐད་གསར་འགྱུར་གྱི་གྲས་དེ་དག་ཧ་ཅང་དོ་གལ་ཆེན་པོ་བྱས་ཏེ་ཉན་གྱི་འདུག ཕྱི་ལོགས་སུ་ཡོད་པའི་བོད་པ་དེ་དག་གི་ང་ཚོའི་མི་དགོས་ལྟ་བུ་སྤྱད་དེ་གང་འདྲ་ཞིག་བྱེད་ཀྱི་ཡོད་དམ་བསམ་ཏེ་རེ་བ་བརྒྱབ་སྟེ་གནས་ཚུལ་ཉན་གྱི་ཡོད། གནས་ཚུལ་ཉན་རྒྱུ་དེ་ཉེན་ཁ་ཡོད་པ་རེད་མ་གཏོགས་མེད་པ་མིན། དེ་འདྲའི་འོག་ནས་གནས་ཚུལ་ཉན་གྱི་ཡོད། དེར་བརྟེན་བོད་རྒྱ་ཆེའི་མི་མང་དེ་དག་སོ་སོའི་སྲོག་དེ་ཡང་རང་དབང་མེད་པར་བྱས་ཏེ་བསྡད་ཡོད། ཡིན་ནའང་རེ་བའི་མིག་འབུར་ལྟོས་ས་དེ་ང་ཚོ་རང་དབང་ལུང་པའི་ནང་སྡོད་མཁན་བོད་མི་ཚོར་ལྟོས་ཀྱི་ཡོད་སྟབས། ཁྱེད་རང་ཚང་མས་གནས་ཚུལ་འདི་དུས་ནམ་ཡང་དེ་བརྗེད་ཐབས་མེད། ང་བོད་པ་ཡིན་བསམ་པ་གཅིག་དང་བོད་རྒྱ་ཆེའི་མི་མང་གི་དཀའ་ངལ་དེ་འདྲ་ཞིག་འོག་ནས་ང་ཚོར་རེ་བ་བརྒྱབ་པ་དེ། ང་ཚོའི་མཇིང་པའི་སྟེང་གི་ལས་རྒྱུ་འབྲས་བཤད་པ་ཡིན་ན། ང་ཚོས་དངོས་གནས་ཡ་རབས་སྤྱོད་བཟང་གི་སེམས་འཁུར་ཆགས་ཀྱི་ཡོད། མི་རིགས་ཀྱི་སྐད་ཆ་བཤད་པ་ཡིན་ནའང་། དངོས་གནས་དྲང་གནས་མི་རིགས་ཀྱི་ཐོབ་ཐང་རྩོད་རྒྱུའི་ལས་འགན་ཆགས་ཡོད། ཅེས་བཀའ་སློབ་སྩལ་ཟབ་མོ་སྩལ་ཡོད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་བོད་མི་རིགས་འདི་བཞིན་སའི་གོ་ལའི་སྟེང་འཕེལ་རྒྱས་ཀྱི་སྐད་དང་ཡི་གེ་ཡོད་མཁན་གྱི་མི་རིགས་རྙིང་ཁུངས་ལོ་རྒྱུས་རིང་ཞིང་སྤོབས་པ་བྱེད་ཆོག་པའི་མི་རིགས་ཞིག་ཡིན། རྒྱུན་དུ་རྒན་གཞོན་ཚང་མས་གཞིས་ལུས་བོད་མི་མང་རྣམས་ཀྱི་མགྲིན་ཚབ་པ་ལྟ་བུ་ཡིན་བསམ་པའི་སྤྱི་དོན་ཁུར་དུ་བླངས་པ་དང་ཆབས་ཅིག་བོད་ཀྱི་སྐད་དང་ཡི་གེར་མུ་མཐུད་སྦྱང་བརྩོན་དགོས་པའི་སྐུལ་ལྕག་ཀྱང་མཛད་ཡོད།