༢༠༡༠ ཕྱི་ཟླ་ ༤ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །སུད་སི་བོད་གཞུང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་འདི་གར་བཏང་གནས་ནང་འཁོད་དོན། སོལ་ཝི་ནི་ཡའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་མ་རི་བྷོར་གྲོང་ཁྱེར་ (Maribor City) དང་། མ་རི་བྷོར་གཙུག་ལག་སློབ་ཁང་ (Maribor University) གཞན་ཡང་ (Prva gimnazija Secondary School) སློབ་འབྲིང་ཞིག་དང་། དེ་བཞིན་ས་གནས་ཚོགས་པ་ཁག་གཉིས་ (Two Local organization) བཅས་ཁྱོན་ཚོགས་པ་ཁག་བཞིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཞལ་བཞེས་བཟང་པོ་སྨིན་སྩལ་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༥ ཉིན་ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་སོལ་ཝི་ནི་ཡར་ (Slovenia) ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རི་བྷོར་གྲོང་ཁྱེར་ནང་དུ་ཡོད་པའི་སྐྱེད་མོས་ཚལ་ཞིག་གི་ནང་ཞི་བའི་ལྗོན་ཤིང་འདེབས་འཛུགས་མཛད་རྒྱུ་ཡིན་པ་དང་། སྐབས་དེར་ཡེ་ཤུའི་བླ་ཆེན་དང་སོལ་ཝི་ནི་ཡའི་ཁ་ཆེ་ཚོགས་པའི་དབུ་ཁྲིད་བཅས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རི་བྷོར་གྱི་སློབ་གྲྭ་ཆེ་བ་ཐོག་མ་དེའི་མདུན་ཐང་དུ་སློབ་ཕྲུག་གྲངས་ ༡༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཉིན་རྒྱབ་ཌོབ་ར་ནཱ་ཊ་བྷོར་ཚོགས་ཁང་ཆེན་མོའི་ནང་ (Dvorana Tabor Hall) མང་ཚོགས་ ༥༠༠༠ ཙམ་ལ་སྟོང་ལོ་གསར་པར་སྨན་པའི་ཀུན་སྤྱོད། (Ethics For the New Millennium) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༧ སྔ་དྲོ་ཡུ་རོབ་ཤེས་ཡོན་དང་སྒྱུ་རྩལ་བསྟི་གནས་ཁང་ (European Academy of Sciences Arts) དེ་བཞིན་མ་རི་བྷོར་གཙུག་ལག་སློབ་ཁང་གཉིས་ཀྱིས་གདན་ཞུའི་ཐོག་མགོན་པོ་གང་ཉིད་མཆོག་གིས་ཤེས་ཡོན་ཅན་གྱི་མི་སྣ་དང་། གྲོས་ཚོགས་མི་སྣ། དེ་བཞིན་ཆེད་མངགས་གདན་ཞུ་གནང་བའི་སྐུ་མགྲོན་བཅས་ཁྱོན་མི་གྲངས་ ༨༨༠ ཙམ་ལ་ (Slovenian National Theatre) སོལ་ཝི་ནི་ཡའི་རྒྱལ་ཡོངས་འཁྲབ་སྟོན་ཁང་ཆེན་མོའི་ནང་། ༼བྱམས་བརྩེ། བདེ་སྐྱིད་བསྐྲུན་ཐབས་ཤིག༽ (Compassion:The Art of Happiness) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག དེ་ཡང་གོ་སྒྲིག་ཚོགས་ཆུང་གིས། དཔལ་འབྱོར་དབང་སྒྱུར་བྱེད་མཁན་མི་སྒེར་གྱི་བཟང་སྤྱོད་ཉམས་ཆག་ཐོག་གོ་ལ་སྤྱི་ཡོངས་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདིར་ཕེབས་ནས་བཟང་སྤྱོད་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཕྱི་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་སོལ་ཝེ་ནི་ཡ་ནས་སུད་སིར་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག
འདི་ལོ་ ཟླ་ ༣ ཚེས་ ༢༦ ཉིན་ནས་བདུན་ཕྲག་གཉིས་ཀྱི་རིང་གྲོང་ཁྱེར་མ་རི་བྷོར་ནང་བོད་པའི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་དང་། ཚོགས་འདུ། གཏམ་བཤད། ཟབ་སབྱོང་བཅས་གོ་སྒྲིག་ཞུས་ཡོད། སྐབས་དེར་རྒྱུད་སྟོད་གྲྭ་ཚང་ནས་དགེ་འདུན་པ་ཁག་གཅིག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཞིག་ཀྱང་བཞེངས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོལ་ཝི་ནི་ཡར་ཐོག་མར་ཕྱི་ལོ་ ༢༠༠༢ ལོར་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་པ་དང་། ད་ཐེངས་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཐེངས་གཉིས་པ་ཆགས་ཡོད། སོལ་ཝི་ནི་ཡའི་རྒྱལ་ཁབ་དེ་བཞིན་དེ་སྔ་ཡུ་གྷོ་སོལ་ཝི་་ཡའི་ཆ་ཤས་ཀྱི་ (Yugoslavia) རང་སྐྱོང་ས་ཁུལ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༩༡ ལོར་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༤ ལོར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆ་ཤས་ཤིག་ཆགས་ཡོད།