༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༡ ཉིན་ཨ་རིའི་གཞུང་གིས་འདོན་སྤེལ་བྱས་པའི་ཕྱི་ལོ་ ༢༠༠༩ ལོའི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་གྱི་སྙན་ཐོ་ (2009 Country Reports on Human Rights) ཞེས་པ་དེའི་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། བོད་པའི་ཐུན་མིན་ཆོས་དང་། རིག་གཞུང་། སྐད་ཡིག་གི་གནས་སྟངས་སྐོར་བཀོད་ཡོད། དེ་བཞིན་སྙན་ཐོ་དེའི་ནང་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་བོད་ཀྱི་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་ཡོད་པ་མ་ཟད། མུ་མཐུད་་བརྗོད་རང་དབང་དང་། ཆོས་དད་རང་དབང་། འདུ་འཛོམས་ཀྱི་རང་དབང་། དྲྭ་རྒྱའི་རང་དབང་། ཤེས་ཡོན་རང་དབང་། འགྲོ་སྐྱོད་བྱེད་རྒྱུའི་རང་དབང་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་དང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་བྱས་པ་ནས་བཟུང་དམ་བསྒྲགས་ཆེ་རུ་བཏང་ཡོད་སྐོར་བཀོད་ཡོད། དེ་བཞིན་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་པ་དང་། དཔེར་ན་ཁྲིམས་ལུགས་དང་འགལ་བའི་སྲོག་ཁྲིམས་གཅོད་རྒྱུ་དང་མནར་གཅོད་གཏོང་རྒྱུ། བཙན་འཁྲིད་བྱ་རྒྱུ། བོད་མི་མང་པོ་ཞིག་གར་སོང་ཆ་མེད་དུ་འགྲོ་བཞིན་པ། ཁྲིམས་མཐུན་མིན་པའི་དོ་དམ་བཀག་ཉར་བྱ་རྒྱུ། དེ་བཞིན་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བྱས་པ་དེ་དག་ལ་དྲང་བདེན་གྱི་ཁྲིམས་གཏུགས་བྱ་རྒྱུའི་གོ་སྐབས་སྤྲོད་ཀྱི་མེད་པ་དང་། བོད་མི་ཚོར་རང་ཁྱིམ་ནང་ཉེས་མེད་འཛིན་བཟུང་བྱས་པ་སོགས་ལ་བརྟེན་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྐད་ཡིག་གི་གནས་སྟངས་དེ་བློ་འཚབ་སྐྱེ་གཞིའི་གནས་སུ་གྱུར་ཡོད་སྐོར་ཁ་གསལ་བཀོད་ཡོད།