༢༠༡༠ ཕྱི་ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་བོད་རྒྱལ་ལོ་ ༢༡༣༧ བོད་ཟླ་ ༡ ཚེས་ ༢༣ ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༨ ནས་ཚེས་ ༢༠ བར་ཉིན་གྲངས་བཅུ་གཅིག་རིང་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་སྐོང་ཚོགས་གནང་འགོ་ཚོགས་ཡོད། དེ་ཡང་ཕྱི་ཟླ་ ༣ ཚེས་ ༨ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བཙན་བྱོལ་བོད་གཞུང་གི་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང་། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོས་དུས་དགུ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱིས་གསུང་བཤད་གནང་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ཕེབས་པའི་བཀུར་འོས་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ་ཚང་མ་དེ་རིང་འདིར་ཚོགས་བཅར་ཐུབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་ལྟའི་དུས་འདིར་བོད་ནང་ཕྱི་ལོ་ ༢༠༠༨ ལོ་ནས་ཛ་དྲག་གི་གནས་སྟངས་མུ་མཐུད་དེ་གནས་ཡོད་པ་ཚང་མས་ཤེས་གསལ་ཡིན། ལྷག་པར་དུ་ང་ཚོ་གྲོས་ཚོགས་ཚོགས་རྒྱུ་དེ་ཡང་གསུམ་བཅུའི་དུས་དྲན་དང་ཉེ་བ་ཞིག་ཆགས་ཡོད་སྟབས། བོད་ནང་ནམ་རྒྱུན་དང་མི་འདྲ་བར་དམ་བསྒྲགས་ཤུགས་ཆེ་རུ་བཏང་བར་བརྟེན། བོད་ནང་ད་ལྟ་ཡིན་ཡང་མུ་མཐུད་དེ་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་ནི་བློ་ཕམ་དགོས་པ་ཞིག་ཡིན། དེ་བཞིན་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་པའི་རྒྱ་ནག་སྲིད་གཞུང་ངོས་ནས་འཛམ་གླིང་ནང་ལ་ཆབ་སྲིད་དང་དཔལ་འབྱོར། ཁོར་ཡུག་སོགས་གནད་དོན་གང་འདྲ་ཞིག་གི་ཐོག་ལ་ཡིན་ནའང་། རྒྱ་ནག་ལ་མ་བསྟུན་ཐབས་མེད་ཀྱི་བསམ་བློ་ལྟ་བུ་འཁྱེར་ཏེ་ཁེངས་དྲེགས་ཤུགས་ཆེན་པོ་ཞིག་བྱས་ཏེ་ལྟ་བར་དུ་ང་ཚོའི་སྐུ་ཚབ་ཐེངས་དགུ་རྒྱ་ནག་ལ་ཕྱིན་ཡང་དོན་འབྲས་གང་ཡང་མ་སོན་པ་དེ་གཙོ་བོ་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་འདུན་པ་མེད་པ་དང་། ད་ལྟའི་གནས་སྟངས་འདི་ལ་བལྟས་ཏེ་ཁེངས་དྲེགས་ཀྱི་རྣམ་འགྱུར་ཤུགས་ཆེན་པོ་ཡོད་པར་བརྟེན། གནས་སྟངས་འདི་འདྲ་ཞིག་མུ་མཐུད་ནས་ལྷགས་པ་ཡོད་པར་ང་ཚོའི་བོད་གཞུང་ནས་ངོས་འཛིན་ཞུ་དགོས་པ་ཞིག་ཆགས་ཡོད། ཡིན་ནའང་གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་ལྷག་བསམ་དང་སྙིང་སྟོབས། རྣམ་དཔྱོད་རྩལ་དུ་བཏོན་ནས་ད་ལྟ་ཡིན་ཡང་ང་ཚོའི་གནད་དོན་འདི་འཛམ་གླིང་ནང་དཀའ་ངལ་སེལ་དགོས་རྒྱུའི་གནད་དོན་གལ་ཆེན་པོ་ཞིག་ཡིན་པ་གནས་ཐུབ་པ་དང་། དེ་བཞིན་རྒྱ་ནག་གཞུང་ནས་ཀྱང་སྣང་མེད་དུ་འཇོག་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད། དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་དང་བྱེ་བྲག་གཞིས་བྱེས་བོད་མི་ཚོའི་སེམས་ཤུགས་དང་སྙིང་སྟོབས། ཕྱོགས་མཚུངས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོས་མུ་མཐུད་དེ་བདེན་པར་རྒྱབ་སྐྱོར་གནང་བར་བརྟེན་ནས་བྱུང་བ་རེད། དེ་དག་ལ་ང་ཚོས་ག་དུས་ཡིན་ཡང་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཡིན། གྲོས་ཚོགས་ནང་ལ་ཡིན་ཡང་བོད་ནང་གི་གནས་སྟངས་ལ་གཞི་བཅོལ་བའི་ཐོག་ནས་ལས་དོན་གང་ཞིག་བྱས་ཀྱང་ཕྱར་གྲུ་མཉམ་འདེགས་དང་ཆིག་སྒྲིལ་གྱི་ནུས་པ་སྤངས་ཐུབ་པ་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ད་རེས་ཀྱི་གྲོས་ཚོགས་འདིའི་ནང་རྒྱུན་ལས་ཀྱིས་བཙུགས་པའི་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་། དེའི་སྙན་ཐོ་དང་འབྲེལ་བའི་ཐོག་ནས་བཅའ་ཁྲིམས་བསྐྱར་བཅོས་གཅིག་དང་། དེ་བཞིན་སྒྲིག་གཞི་བསྐྱར་བཅོས་ཁག་མང་པོ་ཞིག་ཡོད། སྒྲིག་གཞི་བསྐྱར་བཅོས་ཆ་ཚང་ཞིག་དེ་རིང་གི་གྲོས་ཚོགས་ནང་དུས་ཚོད་འདང་མིན་ལ་མ་ལྟོས་པར་གང་ཐུབ་ཀྱིས་གྲོས་ཚོགས་ཐོག་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་སོགས་དང་། ཡང་ཁོང་གིས་གསུང་དོན། སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ང་ཚོས་ཚུལ་མཐུན་གྱི་མཇུག་སྒྲིལ་མ་ཐུབ་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་བྱུང་བ་ནི་མ་འགྲིག་པ་ཡིན་པ་དེ་ང་ཚོ་ཚང་མས་ཤེས་གསལ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་དེའི་ཐོག་བསམ་ཚུལ་འདྲ་མིན་ཞིག་བྱུང་ཡོད། གནས་ཚུལ་དེ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་རེད། ང་ཚོ་བཙན་བྱོལ་དུ་སླེབས་རྗེས་༸གོང་ས་མཆོག་གིས་གལ་ཆེན་པོ་གཟིགས་ཏེ་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་དེ་ལོ་ལྔ་བཅུ་འགྲོ་གི་ཡོད། འདི་ལོ་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེར་བོད་གཞུང་མང་བཙན་བྱོལ་དུ་སླེབས་ཏེ་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྔར་དང་མི་འདྲ་བའི་སྒོ་ནས་སྲུང་བརྩི་ཞུ་འཆར་ཡོད་པ་རེད། དུས་སྐབས་དེ་འདྲ་ཞིག་ལ་གནས་ཚུལ་དེ་ལྟ་བུ་བྱུང་བ་ནི་༸གོང་ས་མཆོག་གིས་སྐུ་ངལ་བསྐྱོན་པ་དེར་ང་ཚོའི་བྱེད་སྟངས་དང་ལས་སྟངས་ཐོག་ནས་མ་འགྲིག་པ་ཞིག་ཡིན་པ་དེ་ང་ཚོས་ངོས་འཛིན་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད། དེ་བཞིན་མང་གཙོའི་འཕེལ་རིམ་དང་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ཡིན་ནའང་སྔར་བྱུང་མ་མྱོང་བ་ཞིག་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་བ་བྱུང་བ་རེད། དེའི་འགན་ཁ་སྔོན་གྲོས་ཚོགས་ཚོགས་པའི་སྐབས་ལ་ཞུས་པ་ཡིན། ཚོགས་ཁང་འདིའི་ནང་ཡོད་པའི་བཀའ་བློན་རྣམ་པ་ཕུད་པའི་སྤྱི་འཐུས་ཚོགས་གཙོས་དབུས་པའི་སྤྱི་འཐུས་ཚང་མར་འགན་ཡོད། མ་འོངས་པར་དེ་ལྟ་བུའི་གནས་ཚུལ་མི་ཡོང་བའི་ཆེད་ངས་འབོད་སྐུལ་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་། དེ་ནས་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་བཅས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་། དེ་རྗེས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༠།༡༡ ལོའི་སྔོན་རྩིས་འགོད་འབུལ་གྱི་གཏམ་བཤད་གནང་ཡོད།